སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྐོར་ལ་བཅར་འདྲི།

སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༣༡ འཁོར་བའི་དུས་ཆེན་གྱི་ཉིན་མོ་དང་སྟབས་བསྟུན། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཀརྨ་ཤེས་རབ་དང་སློབ་ཟུར་འཕྲིན་ལས་རྒྱ་མཚོ་གཉིས་ལ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྐོར་ལ་བཅར་འདྲི་བྱས་ཡིན།

སུ་ཇཱ་སློབ་སྤྱི་ཀརྨ་ཤེས་རབ་ཀྱིས་སློབ་གཉེར་བྱ་ས་ཐོག་མ་དེ་ལ་དྭགས་བོད་ཁྱིམ་སློབ་གྲྭ་ཡིན་པ་དང་། ཅཱན་ལྡི་གྷར་མཐོ་སློབ་ནས་སློབ་ཐོན་རྗེས་ལོ་དགུ་ཙམ་གྱི་རིང་རྒྱ་གར་གྱི་སློབ་གྲྭའི་ནང་ལས་ཀ་བྱས། དེ་རྗེས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་ནང་ལོ་དགུ་ལྷག་ཙམ་རིང་དགེ་རྒན་དང་དགེ་ཆེའི་ལས་དོན་བྱས། ད་ལྟ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་བྱེད་མུས་ཡིན་པ་རེད།

དྲི་བ། ཁྱེད་ཀྱིས་ད་བར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་སློབ་སྤྱི་བྱས་པའི་རྒྱུད་རིམ་ནང་དུ་འགྱུར་ལྡོག་ཆེ་ཤོས་དེ་ག་རེ་བྱུང་སོང་བསམ་གྱི་འདུག
ལན། དམིགས་བསལ་ཤེས་ཡོན་གྱི་སྡེ་ནང་ལ་ལམ་སེང་གྲུབ་འབྲས་རྡོག་རྡོག་གཅིག་འདི་རེད་ཅེས་ལབ་རྒྱུ་དེ་ཧ་ཅང་ཁག་པོ་རེད། ཡིན་ན་ཡང། ང་འདིར་སླེབས་ནས་ལོ་བཞི་ཙམ་ཕྱིན་པ་རེད། ལོ་བཞིའི་དུས་ཡུན་འདི་ཡི་ནང་ལ་ཕྱོགས་བསྡོམས་བྱས་ན་ང་རང་ཐོག་མར་སློབ་སྤྱི་བྱེད་དུས་སུ་ཇཱ་ནང་འཛིན་རིམ་བཅུ་གཉིས་དེ་འགོ་ཚུགས་པ་རེད། སྐབས་དེར། ང་རང་གི་འཆར་གཞི་དང་དམིགས་ཡུལ་ཞིག་བཟུང་ནས་མདུན་བསྐྱོད་བྱེད་དུས་དངོས་གནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་ཚད་ཀྱི་གྲུབ་འབྲས་ལེགས་པོ་ཐོབ་ཡོང་དུས་ང་རང་སེམས་ནང་དགའ་ཚོར་ཆེ་ཤོས་དང་ཉམས་མྱོང་དམིགས་བསལ་ཞིག་ཆགས་བསྡད་ཡོད།

དྲི་བ། སྔོན་མའི་སློབ་ཕྲུག་དང་ད་ལྟའི་སློབ་ཕྲུག་བར་ལ་བཟང་སྤྱོད་དང་ཤེས་ཡོན་གནས་བབ་གང་འདྲ་ཡོད།
ལན། དེ་ཡང་དྲི་བ་རྒྱ་ཆེན་པོ་ཞིག་རེད། སྔོན་མའི་སློབ་ཕྲུག་དང་ད་ལྟའི་སློབ་ཕྲུག་གཉིས་ཀྱི་ཤེས་ཡོན་དང་བཟང་སྤྱོད་ཀྱི་གནས་སྟངས་དེ་དམིགས་བསལ་འདི་རེད་ལབ་ནས་གཞི་འཇོག་ས་ཞིག་མེད་པ་རེད། སྔོན་མའི་སློབ་ཕྲུག་གི་བཟང་སྤྱོད་དང་ཤེས་ཡོན་གནས་སྟངས་ཐོག་ལ་དེ་ཙམ་ང་ལ་རྒྱུས་མངའ་མེད། དེང་སང་སྤྱི་ཡོངས་ནས་ཞིབ་ལྟ་བྱས་ཡོང་དུས་ད་ལྟའི་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་དང་བཟང་སྤྱོད་ཀྱི་ཐོག་ལ་དེ་ཙམ་ཞན་པོ་དང་སེམས་ཕམ་དགོས་པ་དེ་འདྲ་མེད། ཡིན་ན་ཡང། ང་སློབ་གྲྭ་འདིའི་སློབ་སྤྱི་བྱས་པ་ནས་བཟུང་སློབ་མའི་ལོ་ཚད་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་དེ་མིག་མཐོང་ལག་ཟིན་ཞིག་རེད། དེ་བཞིན་སྔོན་མའི་སློབ་ཕྲུག་ཚོས་བྱེད་སྒོ་རྣམ་བཞག་ཐོག་ལ་འགན་འཁུར་བཞེས་སྟངས་དང་ད་ལྟའི་སློབ་ཕྲུག་ཚོས་འགན་འཁྱེར་སྟངས་ཐོག་ལ་ཁྱད་པར་ཆེན་པོ་འདུག དེ་ཙམ་མ་ཡིན་པར། སློབ་སྦྱོང་བྱེད་སྟངས་ཐད་ལ་ཁྱད་པར་ཆེན་པོ་འདུག སྔོན་མའི་སློབ་ཕྲུག་ཚོ་སློབ་སྦྱོང་ཐད་ལ་དཀའ་ལས་རྒྱག་ཐུབ་མཁན་དང་སྡུག་རུས་ཚ་བོ་རེད། ཡིན་ན་ཡང། རིག་པའི་མྱུར་ཚད་ལ་གཞི་བཞག་ན་ད་ལྟའི་སློབ་ཕྲུག་ཚོ་ལམ་སེང་ཤེས་ཐུབ་མཁན་ཞིག་དང་སེམས་ནང་འཇགས་ཐུབ་མཁན་ཞིག་རེད། ཡིན་ནའང་ཁོང་ཚོའི་དེ་ཙམ་སྔོན་མ་སློབ་ཕྲུག་ནང་བཞིན་དཀའ་ལས་རྒྱག་གི་མི་འདུག ཕྱོགས་ཡོངས་ནས་ལེགས་པའི་ཕྱོགས་ནས་ལྟ་ས་མང་པོ་འདུག དཔེར་ན། དེང་སང་སློབ་ཕྲུག་ཚོ་དེབ་ཀློག་རྒྱུ་ཐད་ལ་གོམས་གཤིས་བཟང་པོ་ཡོད་པ་རེད། ང་རང་གི་ནང་ལ་བུ་མོ་ཞིག་ཡོད། མོ་རང་ལ་ངས་བརྟག་དཔྱད་བྱས་པ་བརྒྱུད་མོས་འཛིན་གྲྭ་བདུན་པ་ནས་ད་ལྟ་འཛིན་གྲྭ་བཅུ་པ་བར་དེབ་བདུན་བརྒྱ་བརྒྱད་བརྒྱ་ཙམ་ཀློག་ཚར་འདུག དེ་འདྲ་ཡིན་དུས་མོ་རང་ལ་དགོས་པའི་ཤེས་ཡོན་ཚད་ཟིན་པ་དེ་འདྲ་ཚོར་བྱུང། དེ་ཙམ་མ་ཟད། སྤྱི་ཡོངས་སློབ་ཕྲུག་ནང་དེ་འདྲ་འདུག

དྲི་བ། སྔོན་མ་སློབ་གྲྭ་འདི་ཡི་ནང་སློབ་ཕྲུག་མང་ཆེ་བ་བོད་ནས་ཕེབས་པ་ཤ་སྟག་རེད་ལ་བསམ་བློ་དང་ལོ་ཚད་ཆ་ནས་བལྟ་ཡོང་དུས་དེང་སང་སློབ་ཕྲུག་ཆུང་ཆུང་མ་གཏོགས་དེ་ཙམ་སློབ་ཕྲུག་རྒན་པ་མཐོང་རྒྱུ་མེད་པ་དེ་འདྲ་ཚོར་བྱུང། དེ་རྒྱུ་མཚན་གང་ལ་ཐུག་ཡོད་དམ།
ལན། ༢༠༠༨ ལོ་ནས་བཟུང་རྒྱ་མིའི་སྲིད་ཇུས་ཧ་ཅང་གི་དམ་དྲག་གི་རྐྱེན་གྱིས་བོད་ནས་རྒྱ་གར་ལ་ཡོང་མཁན་ཧ་ཅང་གི་ཉུང་ཉུང་ཆགས་འདུག ཡིན་ན་ཡང་། ད་ལྟའི་ཆར་བོད་ནས་སླེབས་པའི་སློབ་ཕྲུག་ལྔ་བརྒྱ་ལྷག་ཙམ་ཡོད། ཁོང་ཚོ་ཆུང་ཆུང་སྐབས་ནས་འདི་གར་འབྱོར་བ་དང་ཁོང་ཚོའི་ལོ་ཚད་ཆ་ནས་རྒྱ་གར་ནང་འཚར་ལོངས་བྱུང་བའི་སློབ་ཕྲུག་ཚོ་དང་འདྲ་མཉམ་གོམ་པ་རྒྱག་ཐུབ་ཀྱི་ཡོད།

དྲི་བ། ད་ལྟའི་རང་མི་རིགས་ཀྱི་ཕ་སྐད་ཀྱི་གནས་སྟངས་ག་རེ་ཡོད་པ་དང་དམིགས་བསལ་ལས་འགུལ་ག་རེ་སྤེལ་ཡོད་རེད།
ལན། རང་མི་རིགས་ཀྱི་ཕ་སྐད་ཀྱི་གནས་སྟངས་ཡག་པོ་ཡོད། སློབ་གྲྭ་ཕྱོགས་གང་སར་ལ་བལྟས་བ་ཡིན་ན་སུ་ཇཱ་སློབ་ཕྲུག་ཚོ་རང་ཉིད་ཀྱི་ཕ་སྐད་འབྲི་ཀློག་ཐོག་ལ་ཧ་ཅང་གི་ལེགས་པ་ཡོད། དཔེར་ན། ལོ་ལྟར་སློབ་གྲྭ་ནང་ཁུལ་རྩོམ་ཡིག་འགྲན་སྡུར་ཁྲོད་སུ་ཇཱ་སློབ་གྲྭ་རྩེ་ཕུད་གྲས་སུ་ཚུད་ཡོད། འདི་་གར་བོད་མི་རིགས་ཀྱི་སྐད་ཡིག་གལ་ཆེ་རང་བཞིན་བཟུང་ནས་སློབ་གྲྭ་ཁག་གང་ཞིག་ལ་མེད་པ་བོད་ཡིག་གི་དཔེ་མཛོད་ཁང་གཅིག་བཟོས་ཡོད། དེ་བཞིན་སློབ་ཕྲུག་ཚོ་རང་མི་རིགས་ཀྱི་སྐད་དེ་མི་ཉམས་རྒྱུན་འཛིན་དང་ཉམས་པར་སླར་གསོ་བྱེད་རྒྱུའི་སླད། སློབ་ཕྲུག་ཚོ་ལ་སྒྲུང་དེབ་ཀློག་དེབ་གང་མང་མཁོ་སྒྲུབ་བྱེད་ཀྱི་ཡོད། ད་དུང་ང་ཚོའི་ཉིན་རེའི་གསལ་བསྒྲགས་དེ་ཚོ་བོད་ཡིག་ནང་དུ་འབྲི་ཐབས་བྱེད་ཀྱི་ཡོད། ང་ཚོའི་ལས་འགུལ་ནང་ནས་གལ་ཆེ་ཤོས་དེ་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།

དྲི་བ། སུ་ཇཱ་སློབ་གྲྭའི་ནང་དུ་སློབ་སྤྱིའི་ཕྱག་ལས་གནང་བའི་རྒྱུད་རིམ་ཁྲོད་དམིགས་བསལ་དཀའ་ངལ་ག་རེ་འཕྲད་སོང།
ལན། དཀའ་ངལ་འདི་འཕྲད་སོང་ཟེར་རྒྱུ་མེད། ཡིན་ན་ཡང་། སློབ་ཕྲུག་འགའ་ཞིག་གིས་ཐ་མག་འཐེན་པ་དང་སྒྲིག་འཛུགས་ལ་བརྩི་སྲུང་མི་བྱེད་པ་སོགས་ཀྱི་སྒོ་ནས་དཀའ་ངལ་འཕྲད་ཀྱི་འདུག སྤྱིར་བཏང་མི་ཞིག་ཡིན་པའི་ཆ་ནས་དཀའ་ངལ་ཡོང་གི་རེད། དེ་ལ་སེམས་ཤུགས་ཆགས་པ་དེ་འདྲ་མ་ཡིན་པར་གདོང་ལེན་བྱ་རྒྱུ་དང་རང་ཉིད་ཀྱི་གཞུང་ལ་ཞབས་འདེགས་བསྒྲུབས་ནས་༧གོང་ས་མཆོག་གི་བཀའ་དང་མ་འགལ་བ་བྱེད་རྒྱུ་དམ་བཅའ་བརྟན་པོ་ཡོད།།

སུ་ཇཱ་སློབ་ཟུར་འཕྲིན་ལས་རྒྱ་མཚོ་ནི་ཕྱི་ལོ་༢༠༠༠ ལོར་བོད་ནས་རྒྱ་གར་དུ་འབྱོར་ནས་སུ་ཇཱ་སློབ་གྲྭ་ལ་འཛིན་རིམ་བདུན་པ་དང་། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ནང་འབྲིང་རིམ་སློབ་གྲྭ་ཐོན་ནས་རིམ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ལོ་རྒྱུས་ཐོག་ཐུན་མོང་གཙུག་ལག་སློབ་ཐོན་ལག་འཁྱེར་ཐོབ། ད་ལྟའི་ཆར་ཁོང་ལྡི་ལི་ནེ་ཧ་རུ་གཙུག་ལག་སློབ་གྲྭའི་ནང་ལོ་རྒྱུས་ཐོག་ལ་འབུམ་རམ་པའི་སློབ་སྦྱོང་བྱེད་མུས་རེད།

དྲི་བ། ཁྱེད་ལོ་མང་རྗེས་ནས་ད་ལྟ་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནང་སླེབས་ཡོད་པས། ཁྱེད་རང་ལ་དམིགས་བསལ་གྱི་ཚོར་བ་ག་རེ་བྱུང་སོང་།
ལན། ང་ཚོ་ཚང་མ་སློབ་ཕྲུག་གཞན་དང་མི་འདྲ་བ་བོད་ནས་སླེབས་པ་དང་ཕ་མ་སྤུན་མཆེད་ཚང་མ་བོད་ལ་ཡོད་དུས། སུ་ཇཱ་སློབ་གྲྭ་འདི་ང་རང་གི་ནང་མི་དང་གཅིག་མཚུངས་རེད། ལོ་ངོ་ཧྲིལ་པོ་བཅུ་ཡི་རྗེས་སུ་འདི་གར་འབྱོར་བ་དེ་ལ་ཚོར་བ་དམིགས་བསལ་ཡོད་པ་གང་ཞིག་སྐྱིད་པོ་ཞེ་དྲག་བྱུང་སོང། ཁོང་ཚོས་གོ་སྒྲིག་བྱེད་ཕྱོགས་དང་སྣེ་ལེན་ཞུ་སྟངས་ཐད་ལ་དངོས་གནས་ཡག་པོ་བྱས་སོང་། འདས་ཟིན་པའི་ཚོར་བའམ་མྱོང་བ་དེ་ཚོ་སློབ་ཕྲུག་དང་དགེ་རྒན་རྣམས་ཀྱི་མདུན་དུ་བཤད་རྒྱུའི་གོ་སྐབས་ཐོབ་པ་དེ་ཧ་ཅང་གི་དགའ་པོ་བྱུང་།

དྲི་བ། ཁྱེད་རང་སུ་ཇཱ་སློབ་གྲྭར་ཡོད་སྐབས་དང་ད་ལྟའི་སུ་ཇཱ་སློབ་གྲྭ་བར་ལ་འགྱུར་ལྡོག་ཆེ་ཤོས་ག་རེ་མཐོང་སོང་།
ལན། འགྱུར་ལྡོག་ཆེ་ཤོས་དེ་ཤེས་ཡོན་གྱི་གནས་ཚད་རེད། བོད་པའི་སྤྱི་ཚོགས་ནང་ཡིག་ཚད་ཀྱི་བརྒྱ་ཆ་ལེགས་སོན་བྱུང་ན་དེ་ཤེས་ཡོན་ཡག་པོ་ཡོད་མཁན་གྱི་གྲས་སུ་རྩིས་པ་དེ་ཧ་ཅང་གི་ནོར་འཁྲུལ་དུ་མཐོང་། ཡིག་ཚད་བརྒྱ་ཆ་ལ་གཞི་བཞག་ནས་བཤད་ན་ད་ལྟའི་སློབ་ཕྲུག་ཚོས་བརྒྱ་ཆ་ཡག་པོ་ལེན་ཡོད་པ་གོ་ཐོས་བྱུང་། ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་སྟངས་དང་དོ་སྣང་བྱེད་སྟངས་སོགས་ལ་གཞི་བཞག་ནས་བཤད་ན་ད་ལྟའི་སློབ་ཕྲུག་ཚོ་ཧ་ཅང་གི་ཞན་པོ་འདུག གཉིས་པ། སྒྲིག་ལམ་གྱི་ཆ་ནས་བཤད་ན། སྔོན་མ་སྒྲིག་ལམ་ཧ་ཅང་དམ་པོ་ཡོད་པ་རེད། སྒྲིག་ལམ་ཡག་པོ་ཡོད་པའི་རྐྱེན་གྱིས་སློབ་ཕྲུག་མང་པོ་ཞིག་བཟང་སྤྱོད་དང་ཤེས་ཡོན་གཉིས་ཀའི་ཐོག་ནས་རང་མགོ་ཐོན་ཐུབ་པར་བྱུང་ཡོད། ད་ཆ་སྒྲིག་ལམ་དེ་ཙམ་དམ་པོ་མེད་པ་འདྲ་ཚོར་བྱུང་། གསུམ་པ། སྔོན་མ་ཡིན་ན་མཐུན་རྐྱེན་ཧ་ཅང་གི་སྐྱོ་བོ་རེད། ཞོགས་པ་ཀྲིང་མོག་གཅིག་དང་ཇ་གཅིག ཉིན་གུང་འབྲས་ལྡ་ལི། དགོང་མོ་ཀྲིང་མོག་གཅིག་དང་ཚལ་ཏོག་ཙམ་མ་གཏོགས་ཡོད་མ་རེད། རང་ལ་ཆ་མཚོན་ན་དུག་ལོག་དང་ལྷམ་སོགས་ལོ་ལྔ་ཙམ་བརྗེ་མོ་སློག་མྱོང་མེད། ཡང་བསྐྱར་ཡང་བསྐྱར་གྱོན་དགོས་པའི་དཀའ་ངལ་འཕྲད་མྱོང། ད་ལྟའི་ཆར་ཧ་ཅང་གི་མཐུན་རྐྱེན་བཟང་པོ་འདུག ཡིན་ན་ཡང། སློབ་ཕྲུག་ཚོས་མཐུན་རྐྱེན་དེ་ཚོ་བེད་སྤྱོད་ལོག་པར་གཏོང་གི་མེད་ན་བསམ་པའི་དོགས་པ་ཡོད།

དྲི་བ། ཁྱེད་རང་སུ་ཇཱ་ནང་དགེ་རྒན་རྙིང་པ་མང་པོ་ཞིག་གིས་ད་ལྟ་ཡང་ཕྱག་ལས་གནང་བསྡད་པ་དེ་འདྲ་ཐུག་ཡོད་ཀྱི་རེད། ཁྱེད་རང་གི་ཁོང་ཚོ་ལ་སེམས་ཐག་ཉེ་བའི་སྐད་ཆ་ག་རེ་བཤད་རྒྱུ་ཡོད།
ལན། མི་རིགས་དང་རྒྱལ་ཁབ་ལ་ཤ་ཚ་ཆེ་བའི་དགེ་རྒན་རྙིང་པ་མང་པོ་ད་དུང་ཡང་མིག་ལམ་དུ་མཇལ་རྒྱུ་བྱུང་བ་དགའ་པོ་བྱུང། ཁོང་ཚོར་དམིགས་བསལ་གྱི་ཐོབ་ཐང་དང་གུས་བརྩི་ཞུ་དགོས་འདུག ད་བར་སློབ་ཕྲུག་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་བྱས་ནས་བཞུགས་པ་རེད། དེ་ཚོ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།

དྲི་བ། ཁྱེད་རང་གི་ད་ལྟའི་སུ་ཇཱ་སློབ་ཕྲུག་རྣམས་ལ་ལམ་སྟོན་ག་རེ་ཡོད།

ལན། སློབ་ཕྲུག་ཚོས་རང་ཉིད་ཀྱི་མི་ཚེ་ལ་ལམ་སྟོན་བྱེད་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་བརྩི་བཀུར་དང་གུས་བརྩི་ཞུ་དགོས་པ་དེ་ཧ་ཅང་གི་གལ་ཆེ་རང་བཞིན་ཞིག་རེད། ཤེས་ཡོན་གྱི་ཆ་ནས་བཤད་ན་ད་ལྟ་མཐུན་རྐྱེན་ཡག་པོ་འདུག དེ་ཚོ་འཕྲོ་བརླག་ཏུ་མ་སོང་བ་བྱས་ནས་རང་ཉིད་སྐབས་སུ་བབས་པའི་སློབ་སྦྱོང་ཧུར་ཐག་གནང་རོགས་ཞུ་རྒྱུ་དེ་ཡིན།།
གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན།

Share on Facebook27Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 482

Leave a Reply