སུད་སིའི་མི་སེར་བྱེད་པའི་ཁྲིམས་ལྷོད་དུ་གཏོང་བར་འོས་ཤོག་འཕངས་འདུག

ཡུ་རོབ་སུད་སིའི་མི་མང་གིས་ཡུལ་དེའི་མི་སེར་བྱེད་རྒྱུའི་སྒྲིག་ཁྲིམས་དེ་ལྷོད་དུ་གཏོང་དགོས་མིན་ཐོག་མང་མོས་འོས་་བསྡུ་བྱས་ཏེ། བྷི་བྷི་སའི་གསར་ལམ་ཏུ་ཚོད་དཔག་བྱས་པར་གཞིགས་ན་མི་མང་བརྒྱ་ཆ་༥༩ ཡིས་སྒྲིག་ཁྲིམས་དེ་ལྷོད་དུ་གཏོང་དགོས་པར་འོས་ཤོག་འཕངས་ཡོད་དང་། སུད་སིའི་བརྒྱུད་ལམ་ཞིག་ཏུ་མང་མོས་འོས་ཐོབ་ཀྱི་བརྒྱ་ཆེ་༦༠.༤ ཡིན་སྐོར་བཀོད་འདུག

16754817_1410548758968989_2142209320_nསྤྱིར་བཏང་གནས་སྤོ་བའི་ཕྲུ་གུ་ཞིག་སུད་སིར་སྐྱེས་པ་ཙམ་གྱིས་མི་སེར་ཆགས་རྒྱུའི་ངེས་པ་མེད་པ་དང་། མི་སེར་ཆགས་པར་ཡིག་ཚད་དང་འདྲི་རྩད་སོགས་བརྒྱུད་རིམ་མང་པོ་ཞིག་འགྲོ་དགོས་པས། འགྲོ་སོང་ཡང་ཆེན་པོ་ཡོད་པ་རེད་འདུག ཟླ་འདིའི་ཚེས་༡༢ ཉིན་གྱི་མང་མོས་འོས་བསྡུ་དེས། གནས་སྤོ་བའི་མི་རབས་གསུམ་པ་རྣམས་ལ་མི་སེར་ཐོབ་པར་བརྒྱུད་རིམ་མང་པོ་འགྲོ་མི་དགོས་པ་ཆགས་རྒྱུ་ཡིན་འདུག དེ་ཡང་མི་རབས་གསུམ་པ་རྣམས་ནི་ཕྲུ་གུ་རང་ཉིད་སུད་སིར་སྐྱེས་པ་དང་། ཕ་མ་གཉིས་དང་སྤོ་སྤོ་རྨོ་རྨོ་སོགས་སུད་སིར་གཏན་སྡོད་བྱེད་མཁན་ཞིག་ལ་གོ་དགོས་ཀྱི་ཡོད་འདུག

ཐག་གཅོད་དེར་རྒྱབ་སྐྱོར་བྱེད་མཁན་ཚོས་སུད་སིར་སྐྱེས་ནས་མི་ཚེ་ཚང་མ་དེ་གར་སྐྱེལ་མཁན་ཞིག་ལ། སུད་སིའི་སྐད་ཡིག་དང་རིག་གཞུང་ལ་གོམས་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་པ་དེ་ནི་གནས་ལུགས་དང་མི་མཐུན་པ་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། དེར་དགག་པ་རྒྱག་མཁན་སུད་སིའི་རྒྱལ་ཞེན་ལྟ་བ་མཁྲེགས་བཟུང་མཁན་གྱི་སུད་སིའི་མི་མང་ཚོགས་པས། ཐག་གཅོད་དེས་སུད་སིར་སྡོད་མཁན་གནས་སྤོ་བ་ཚང་མ་མི་སེར་ཆགས་པའི་གོམས་པ་དང་པོ་ཡིན་སྐོར་ཉེན་བརྡ་བཏང་ཡོད་འདུག བྷི་བྷི་སི་གསར་ཁང་གི་དྲ་ཐོག་ཏུ། ཁ་གཏད་པ་ཁག་ཅིག་གིས་ཐག་གཅོད་དེས་སུད་སིར་ཁ་ཆེ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཁྱབ་སྤེལ་འགྲོ་སྲིད་སྐོར་བརྗོད་ཡོད་འདུག

འོན་ཀྱང་སུད་སིའི་གནས་སྤོ་བའི་ལས་ཁང་གི་ཉམས་ཞིབ་ལྟར་ན། ད་ལྟའི་ཆར་རྒྱལ་ཁབ་དེའི་ནང་མི་མང་༢༥༠༠༠ ལ་གནས་སྤོ་བའི་མི་རབས་གསུམ་པའི་ཆ་རྐྱེན་ཚང་གི་ཡོད་འདུག་པ་དང་། དེའི་ནང་གི་བརྒྱ་ཆ་༦༠ ནི་ཨི་ཊ་ལའི་མི་རྒྱུད་ཡིན་འདུག

འདས་པའི་ལོ་༣༠ ཡི་ནང་དུ་སུད་སིའི་མི་སེར་ཆགས་པའི་སྒྲིག་ཁྲིམས་དེ་ལྷོད་དུ་གཏོང་ཐབས་ལ་མང་མོས་འོས་བསྡུ་ཐེངས་གསུམ་བྱས་པར་མང་མོས་རྒྱབ་སྐྱོར་ཐོབ་མེད་ཀྱང་། ཐེངས་འདིར་མང་མོས་འོས་ཐོབ་བྱུང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share on Facebook20Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 410

Leave a Reply