སེམས་ཁམས་མ་བདེ་ནས་སྨན་གྱི་མཐུན་རྐྱེན་སྦྱར་དགོས་ས་༣༣༠ ཙམ་འདུག་ཟེར། 

ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་༥ པའི་ཐོག་བརྗོད་གཞི་སེམས་ནད་སྔོན་འགོག་བཞག་པ་དེ་ཧ་ཅང་ཡག་པོ་ཡིན་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ནང་གཟའ་གྲིབ་ཕོག་མཁན་རྣམས་ཚུད་པའི་སེམས་ཁམས་མ་བདེ་བའི་འོག་ནས་སྨན་གྱི་མཐུན་རྐྱེན་སྦྱར་དགོས་ས་༣༣༠ ཙམ་ཡོད་སྐོར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༡ དང་སྐར་མ་༣༠ ཐོག་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པའི་མཛད་སྒོ་དབུ་འབྱེད་བྱས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་གཙོས། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སོགས་གདན་ཞུས་སྐུ་མགྲོན་རྣམ་པ་དང་། སྨན་རྩིས་ཁང་གི་དགེ་ལས་སློབ་མ། ཕྱོགས་མཐའ་ཁག་ནས་ཡོང་བའི་ཚོགས་བཅར་བ་རྣམ་པ་བཅས་འཛོམས་འདུག

ད་ཐེངས་ཉིན་གསུམ་རིང་གི་བགྲོ་གླེང་གི་བརྗོད་གཞི་ནི་སེམས་ནད་སྔོན་འགོག་ཅེས་པ་དེ་ཡིན་ཞིང་། བགྲོ་གླེང་ཐོག་ནང་པའི་སེམས་ཁམས་རིག་པའི་སྐོར་དང་། བོད་ལུགས་གསོ་རིག་གི་སྐོར། བོད་རྩིས་རིག་པའི་སྐོར། ནུབ་ཕྱོགས་ཚན་རིག་གི་སྐོར་བཅས་ལ་གཏམ་བཤད་པ་གཉིས་རེས་གཏམ་བཤད་བྱ་རྒྱུ་ཡིན་འདུག་ལ། བགྲོ་གླེང་ཚོགས་ཆེན་འདིའི་ཐོག་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་ཚོགས་བཅར་བ་དང་། མཐོ་སློབ་ཁག་གི་སློབ་མ། བོད་ཁྱིམ་སེ་ལ་ཀུའི་སློབ་ཕྲུག་༤༠ བཅས་ཁྱོན་ཚོགས་བཅར་བ་༢༥༠ ཡས་མས་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་ཞལ་འབྱེད་དང་། ཚོགས་བཅར་བ་རྣམས་ཀྱིས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་གྲུབ་མཚམས་སུ།  བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ཀྱིས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་༥ པའི་ཕེབས་བསུའི་གཏམ་བཤད་གནང་སྐབས་སུ། “དེ་རིང་གི་ཚོགས་ཆེན་འདི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ལྔ་པ་དེ་ཡིན། འདས་པའི་ཚོགས་ཆེན་ཐེངས་བཞི་འཚོགས་པའི་བརྒྱུད་རིམ་ནང་རིག་གཞུང་འདྲ་མིན་གྱི་ལེགས་བྱང་བརྗེ་རེས་དང་། ཉམས་མྱོང་སྤེལ་རེས། བསམ་ཚུལ་དང་ལྟ་ཚུལ་གླེང་རེས་གནང་སྟེ་གྲུབ་འབྲས་གང་འཚམ་ཐོན་ཡོད་ཅེས་བཤད་ཆོག”ཅེས་དང་བགྲོ་གླེང་ཚོགས་ཆེན་རྣམས་མིའི་སེམས་ཁམས་བདེ་ཐབས་དང་། དེ་འབྲེལ་ཤེས་བྱའི་གོ་རྟོགས་གོང་འཕེལ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས་འཚོགས་ཡོད་སྐོར། དེ་བཞིན་ཁོང་གིས་ད་ཐེངས་ཀྱི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་༥ པའི་ཐོག་སེམས་ནད་སྔོན་འགོག་ཅེས་པ་བརྗོད་གཞི་རུ་བདམས་དགོས་དོན་གྱི་སྐོར་ལ་གསུང་དོན་དུ་“འདི་ལོ་ཡང་འགྲོ་བ་མིའི་སེམས་ནད་སྔོན་འགོག་བྱེད་ཐབས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཁག་གཉིས་གོ་སྒྲིག་ཞུ་ཡི་ཡོད། སྤྱིར་སེམས་ནད་ཀྱི་རིགས་མང་པོ་ཞིག་མི་རབས་དང་ཚེ་རབས་མང་པོའི་གོང་ནས་འགྲོ་བ་མིའི་སེམས་ཀྱི་བག་ཆགས་དང་། རིགས་རྫས་ནང་ཁྱབ་པའི་གཅོང་ནད་ཅིག་ཡིན་སྟབས་ལས་སླ་པོར་རྒྱུན་གཅོད་ཐུབ་པ་ཞིག་མིན་ཡང་། ད་ལྟའི་གནས་བབ་འདི་ཤུགས་ཆེ་རུ་དང་། སྡུག་ཏུ་མི་འགྲོ་བའི་སྔོན་འགོག་བྱེད་ཐབས་ཤིག་ཡོད་ན་ངེས་པར་བྱེད་དགོས་པ་དང་བྱེད་འོས་ཡིན་སྟབས་བརྗོད་གཞི་འདིའི་ཐོག་བགྲོ་གླེང་བསྐོང་འཚོགས་བྱས་པ་ཡིན་”ཞེས་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོས་དཔེ་དེབ་ཁག་ཅིག་དབུ་འབྱེད་གྲུབ་མཚམས་སུ་“རྩ་བའི་ལུས་སེམས་སྲོག་གི་གནས་བབ་དེ་རྒྱལ་སྤྱིའི་ནང་ལ་གནད་འགག་ཅིག་དང་། དེར་ཐུགས་སྣང་གནང་དགོས་པ་དེ་ལོ་རེ་ནས་ལོ་རེ་དང་། ཟླ་རེ་ནས་ཟླ་རེ། ཉིན་རེ་ནས་ཉིན་རེ་ལ་ཆེ་རུ་ཆེ་རུ་འགྲོ་བ་ཞིག་དང་། ཐུགས་སྣང་གནང་དགོས་པའི་གནད་འགག་དེ་ཆེ་རུ་ཆེ་རུ་གཟིགས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ས་རེད། དེར་བརྟེན་ད་ལྟའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཐོག་ནས་ལྟ་སྟངས་འདྲ་པོ་ཞིག་ཞུས་ན། ཁོ་རང་ཚོའི་སྙན་ཐོའི་ནང་མི་ས་ཡ་༤༣༠ ཙམ་ལ་སེམས་ཁམས་ཀྱི་ཐོག་ནས་ནད་གཞི་འདྲ་མིན་ཕོག་ཡོད་པའི་གནས་སྟངས་འཁོད་འདུག ལྷག་དོན་དུ་མི་༡༠ འདས་གྲོངས་སུ་གྱུར་དུས་དེའི་ནང་ནས་༥ ཙམ་ཞིག་སེམས་ཁམས་རང་གི་རྐྱེན་གྱིས་ཚེ་མ་རྫོགས་གོང་ནས་ཚེ་འཕོས་པའི་གནས་སྟངས་ཤིག་ཡིན་པ་འཁོད་འདུག དེ་འདྲ་ཡིན་དུས་སེམས་ཁམས་འཕྲོད་བསྟེན་དེ་ཏག་ཏག་མེད་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ལ་དཀའ་ངལ་འཕར་མ་ཞིག་ཡོང་བ་ཆགས་ཀྱི་ཡོད་ས་རེད།”ཅེས་དང་། “ད་ཐེངས་འདྲ་པོ་ལ་ཆ་མཚོན་ན་ལུས་སེམས་སྲོག་གི་སྡེ་ཚན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་༥ པ་འདི་སེམས་ཁམས་ཀྱི་འཕྲོད་བསྟེན་ཐོག་ལ་ནད་རིགས་སྔོན་འགོག་རང་གི་སྐོར་ལ་འཚོགས་ཀྱི་ཡོད་རེད། རྒྱལ་སྤྱིའི་ཐོག་ནས་ཡིན་ན་ཡང་སྔོན་འགོག་དེ་ན་ཚ་བཅོས་ཐབས་གཅིག་ལ་ངོས་འཛིན་གནང་གི་ཡོད་རེད། དེའི་ཐད་ནས་ཡིན་ན་ཡང་ད་ཐེངས་ཀྱི་ཚོགས་འདུའི་བརྗོད་གཞི་དེ་འདྲ་ཞིག་བཞག་པ་དེ་ཧ་ཅང་ཡག་པོ་ཆགས་འདུག་བསམ་པ་དྲན་གྱི་འདུག་”ཅེས་དང་། དེ་བཞིན་ཁོང་གིས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐོ་གྲངས་ལ་བལྟ་དུས། དེའི་ནང་གཟའ་གྲིབ་ཕོག་མཁན་རྣམས་ཚུད་པའི་སེམས་ཁམས་མ་བདེ་བའི་འོག་ནས་དགོས་ངེས་སྨན་གྱི་མཐུན་སྦྱོར་བརྒྱ་ཆ་༥༠ སྦྱར་སའི་མི་གྲངས་༣༣༠ ཙམ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོད་པ་སོགས་ཀྱི་སྐོར་གསུངས་སོང་།

མཇུག་ཏུ་བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱི་རྩིས་རམ་པ་བསྟན་འཛིན་སྙན་གྲགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གྲུབ་མཚམས་སུ་མཛད་སྒོ་གྲོལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 116

Leave a Reply