སེམས་ཤུགས་ཀྱི་མེ་ལྕེ་སྦར་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༨  ཕྱི་ལོ་ ༢༠༡༧/༨ /༢

ད་ལྟའི་དུས་འདིར་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་བཏང་ནས་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་གི་ཡོད་པ་དང་། དེ་དག་གི་གཏོང་ཕོད་དང་བློ་སྟོབས་ནི་སུ་གང་གིས་བསྡུར་ཐབས་མེད་པ་མ་ཟད། འགྲེལ་བརྗོད་ཀྱི་ལམ་ནས་མཚོན་ཐབས་བྲལ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། དེར་བརྟེན་ད་ལྟའི་དུས་འདིར་རང་ལུས་མེར་སྲེག་གིས་བོད་ཀྱི་རྩ་དོན་རྩོད་མཁན་དག་ལ་མ་འགྲིག་པའི་ལྟ་ཚུལ་བརྗོད་མཁན་དག་ནི། དོན་གྱིས་ངོ་ཚ་ཁྲེལ་གཞུང་གཏན་ནས་མེད་པའི་སྤྲེའུ་སྤུ་མེད་ཉག་གཅིག་ཏུ་གྱུར་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་གཏན་ནས་མེད། བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་མེ་ལྕེ་དེ་ཉིད་བོད་མི་སྤྱི་དང་བཙན་བྱོལ་བོད་པའི་སེམས་ཁོངས་ནས་ལོ་རེ་ནས་ལོ་རེ་བཞིན་གོ་ས་ཆུང་ནས་ཆུང་དུ་འགྲོ་བཞིན་པའི་གནས་སྟངས་འདིའི་ཐོག་ནས་བསམ་བློ་བཏང་ན། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་སེམས་ཤུགས་དེ་ཉིད་མི་རེ་ངོ་རེ་བཞིན་བསྐྱར་དུ་གསོ་བའི་ཐབས་ཤེས་ཤིག་འཚོལ་དགོས་པ་ནི་བཟློག་ཏུ་མེད་པའི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད།

བོད་ཡུལ་ཡོངས་སུ་རྒྱ་དམར་དྲག་པོའི་གཞུང་གིས་མནར་གཅོད་དང་སྡུག་སྦྱོང་། ཆོས་བྱེད་མི་སྣ་ལ་དམ་དྲག་དང་། དགོན་སྡེ་གཏོར་བཤིག་སོགས་ག་ཚོད་ཙམ་བྱས་ཀྱང་། དེའི་ཚོད་ཀྱིས་བོད་མི་རིགས་ཀྱི་འཐབ་རྩོད་བྱེད་པའི་བསམ་བློ་དང་། བོད་མི་རིགས་ཀྱི་སེམས་ཤུགས་དེ་ཉིད་གཏོར་བཤིག་ཐུབ་པ་ཞིག་གཏན་ནས་མིན་ཡང་། བོད་པ་ནང་ཁུལ་གྱི་རྩོད་རྙོག་ཆུང་ཙག་ཁག་དང་། དགྲ་ལ་བྱམས་ཤིང་གཉེན་ལ་རྒོལ་བའི་བྱེད་སྟངས་ཐ་ཤལ་ཁག་ཅིག་ལ་བརྟེན་ནས་རིམ་པས་བོད་མི་རིགས་སྤྱི་དང་། ལྷག་པར་དུ་བཙན་བྱོལ་བོད་མི་ཕལ་མོ་ཆེའི་སེམས་ནང་དུ་འཐབ་རྩོད་ཀྱི་གོ་གནས་དང་། འཐབ་རྩོད་ཀྱི་སེམས་ཤུགས་བག་ལ་ཞ་བཞིན་ཡོད་པ་མ་ཟད། མགོ་ཁྲིད་མཁན་ཁག་ཅིག་གིས་ཀྱང་མི་མང་ལ་བསམ་ཚུལ་མེད་ན་ལེགས་པའི་ལམ་སྟོན་སྔ་རྗེས་ཕེབས་པ་སོགས། འཐབ་རྩོད་ཀྱི་བསམ་བློའི་ཐོག་ནས་བཤད་ན་སྐྱ་ཆད་སྔོ་རྡུགས་ཀྱི་དུས་ཚོད་ཅིག་ཏུ་སླེབས་ཡོང་གི་ཡོད་སྟབས། བོད་མི་ཡོངས་ཀྱི་སེམས་ནང་ལ་ཚོར་བ་གསོན་པོ་ཞིག་སླེབས་པའི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་གྱི་དཔའ་བོ་དག་གིས་བློས་གཏོང་གནང་གི་ཡོད་པ་རེད།

ད་ལན་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་མཆོག་གི་ཡབ་ཀྱིས། ད་ལན་ཁོང་གིས་བུས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་ཆེན་པོ་དེ་འདྲ་གནང་བ་ང་ཕ་རྒན་ཞིག་གི་ངོས་ནས་གཟི་བརྗིད་དང་སྤོབས་པ་རེད། མི་ཚང་མ་སྔ་རྗེས་ཙམ་མ་གཏོགས་འཆི་དགོས་པ་རེད་ཅེས། གཟི་བརྗིད་དང་སྤོབས་པ་ལྡན་པའི་བཀའ་མོལ་ཞིག་གནང་བ་བཞིན། སྔ་རྗེས་ཙམ་མ་གཏོགས་མི་ཡོངས་རྫོགས་འཆི་དགོས་པ་ལས་གསོན་པོར་སྡོད་ཐུབ་མཁན་ཞིག་མེད་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་ག་ཚོད་ཙམ་ཡོད་པ་ཤེས་གསལ་ཡིན་ལ། ཁོང་རྣམ་པའི་སྙིང་སྟོབས་དང་བློ་སྤོབས་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཡིན། རྒྱལ་གཅེས་དཔའ་བོ་རྣམས་གྲོངས་པ་ལས་གསོན་པོར་བཞུགས་ནས་འཐབ་རྩོད་གནང་ན་གྲུབ་འབྲས་ཆེ་བའི་བསམ་ཚུལ་ཁ་ཞེ་གཉིས་མེད་དང་ཤ་ཚའི་ཐོག་ནས་བཤད་མཁན་མང་པོ་འདུག་ཀྱང་། སྐད་ཆ་དེའི་ཤུགས་ལ་འདས་ཟིན་པའི་བློས་གཏོང་ཆེན་པོ་དེ་དག་ལ་གྲུབ་འབྲས་དང་། ཕན་ཐོགས་མེད་པ་ཞིག་ཏུ་ངོས་འཛིན་བྱས་པ་ལྟ་བུར་ཡང་རང་བཞིན་གྱིས་གྱུར་ཡོད།

ད་ལྟའི་དུས་འདིར་བོད་མི་རིགས་ཀྱི་ཆེད་རང་ཉིད་བློས་གཏོང་གནང་མཁན་དག་གི་ཤུགས་རྐྱེན་ལ་བརྟེན་ནས། རྒྱ་ནག་གཞུང་ལ་འགྱུར་བ་འགྲོ་བ་དང་། རྒྱལ་སྤྱིའི་ཐོག་ནས་འགྱུར་བ་གཏོང་ཐུབ་པའི་རེ་བ་ཆེན་པོ་ཞིག་ཡོད་མེད་གང་ལྟར་ཡང་། བོད་མི་རིགས་ཀྱི་སེམས་ནང་དུ་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་སེམས་ཤུགས་མི་ཉམས་པར་གནས་པའི་ཆ་རྐྱེན་ཞིག་ཏུ་གྱུར་སོང་ན། རྒྱལ་གཅེས་དཔའ་བོ་དེ་དག་གི་བློས་གཏོང་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་པ་རེད་ལ། རྒྱལ་གཅེས་དཔའ་བོ་དེ་དག་གི་བློས་གཏོང་དང་ཁ་ཆེམས་གཞི་རྩར་བཞག་ནས་བོད་མི་ཡོངས་ཀྱི་སེམས་ནང་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ཚོར་བ་གཏན་ནས་བརླགས་མི་རུང་བ་ནི། བོད་སླར་གསོའི་ཆེད་མེད་ཐབས་མེད་པའི་གཞི་རྩ་ཉག་གཅིག་ཏུ་གྱུར་ཡོད། ད་ལྟའི་ཆར་རྒྱ་གར་གཞུང་གི་གལ་ཆེའི་ལས་གནས་ཐོག་ཡོད་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་བོད་རང་བཙན་ཆེད་རྒྱབ་སྐྱོར་གྱི་བསམ་ཚུལ་ཡོངས་གྲགས་ཀྱིས་བརྗོད་བཞིན་ཡོད་ཀྱང་། བོད་པའི་ངོས་ནས་བཀའ་མོལ་དེ་དག་གི་རྗེས་འདེད་དང་བདག་པོ་རྒྱག་མཁན་ཞིག་མེད་ཚོད་རེད།

སྤྱིར་བོད་རང་བཙན་འཐབ་རྩོད་ཀྱི་ཐོག་ནས་བོད་པ་འཕག་དུས་རྒྱ་གར་འཇམ། རྒྱ་གར་འཕག་དུས་བོད་པ་འཇམ་པའི་གནས་སྟངས་ཁྱད་མཚར་ཞིག་ཏུ་གྱུར་ཡོད་ནའང་། བདེན་དོན་འཐབ་རྩོད་ཀྱི་ཐོག་ལ་རིམ་པས་འཛམ་གླིང་གི་རྒྱལ་ཁབ་མང་པོས་དོ་སྣང་དང་རྒྱབ་སྐྱོར་སླེབས་ངེས་རེད། རྩ་དོན་འཐབ་རྩོད་ཀྱི་གལ་གནད་ངོས་ནས་ཀྱང་གཞན་གྱི་རྒྱབ་སྐྱོར་ལས། ནང་གི་སྟོབས་ཤུགས་གལ་ཆེ་བ་ཡིན་པ་སྨྲོས་མེད་ཡིན་ཡང་། གཞན་གྱི་རྒྱབ་སྐྱོར་གྱིས་ཀྱང་ཕན་ཐོགས་ཆེན་པོ་ཡོད་པ་ནི་བཤད་མི་དགོས་པ་རེད། དེར་བརྟེན་ད་ལྟ་བཙན་བྱོལ་བོད་མིའི་བསམ་བློའི་གནས་སྟངས་འདི་ཉིད་མུ་མཐུད་དུ་གནས་པའི་དབང་དུ་བཏང་ན། མ་འོངས་པར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གོ་སྐབས་གལ་ཆེ་ག་འདྲ་ཞིག་སླེབས་ཀྱང་དམ་འཛིན་བྱེད་ཐུབ་མཁན་ཞིག་མེད་ཚོད་རེད་ལ། ད་བར་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་དག་གི་ཚེ་སྲོག་གི་མེ་ལྕེ་འདིས། བོད་མི་ཕལ་མོ་ཆེའི་བསམ་བློའི་ནང་རང་གི་ལྟོ་གོས་ཀྱི་གནད་དོན་ཁོ་ན་ལས་མེད་པ་དེ་དག་རྩ་མེད་དུ་བསྲེག་ཐུབ་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་བློས་གཏོང་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་པ་རེད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 153

Leave a Reply