སོ་ཌི་ཨ་རབ་ནང་བུད་མེད་ཀྱིས་མོ་ཊ་གཏོང་ཆོག་པ་བཟོས་འདུག

ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་གི་གནས་སྟངས་སྐྱོ་པོ་ཡོད་པའི་དཀྱིལ་ཤར་ཡུལ་གྲུ་སོ་ཌི་ཨ་རབ་ནང་། ཐེངས་དང་པོར་བུད་མེད་ཀྱིས་མོ་ཊ་གཏོང་ཆོག་པ་བཟོས་པར། བུད་མེད་མང་པོས་དགའ་བསུ་བྱེད་བཞིན་འདུག

ཟླ་༩ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སོ་ཌི་ཨ་རབ་ཀྱི་རྒྱལ་པོ་སལ་མན་གྱིས། རྒྱལ་ནང་དུ་བུད་མེད་ཀྱིས་མོ་ཊ་གཏོང་ཆོག་པ་བཟོ་རྒྱུའི་བཀའ་ཁྱབ་བཏང་ཡོད་འདུག་པ་དང་། དེར་ཨ་རིའི་སྲིད་འཛིན་ཊོམ་གཙོས་པའི་ལས་འགུལ་བ་སོགས་མང་པོ་ཞིག་གིས་དགའ་བསུ་བྱས་ཡོད་པ་དང་། སྲིད་འཛིན་ཊོམ་གྱིས་བཀའ་ཁྱབ་དེ་ནི་བུད་མེད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པའི་ཡག་ཕྱོགས་ཀྱི་གོམ་སྟབས་ཤིག་ཡིན་སྐོར་བརྗོད་འདུག ད་ལྟ་བར་དུ་སོ་ཌི་ཨ་རབ་ཀྱི་བུད་མེད་རྣམས་ལ་མོ་ཊ་གཏོང་ཆོག་པའི་ལག་ཁྱེར་སྤྲོད་ཀྱི་མེད་པ་དང་། གལ་ཏེ་བུད་མེད་ཅིག་གིས་མོ་ཊ་བཏང་ཚེ་འཛིན་བཟུང་དང་ཆད་པ་ཕོག་པའི་ཉེན་ཁ་ཡོད་པ་རེད།

སོ་ཌི་ཨ་རབ་ཀྱི་རྒྱལ་པོའི་བཀའ་ཁྱབ་དང་བསྟུན་ནས། ཉིན་སུམ་ཅུའི་ནང་ཚུད་དེ་དང་འབྲེལ་བའི་ལམ་སྟོན་བྱེད་ཆེད་བློན་ཆེན་ཁང་གི་ལྷན་ཚོགས་ཤིག་གསར་འཛུགས་བྱེད་ཀྱི་ཡོད་པ་དང་། བཀའ་ཁྱབ་དེ་ཕྱི་ལོ་༢༠༡༨ ལོའི་ཟླ་༦ པའི་ཚེས་༢༤ ཉིན་གྱི་སྔོན་དུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད་འདུག
སོ་ཌི་ཨ་རབ་ཀྱི་ཨ་རིའི་གཞུང་ཚབ་པས་བཀའ་ཁྱབ་དེའི་འོག བུད་མེད་ཀྱིས་མོ་ཊ་གཏོང་སྟངས་སྦྱོང་བར་སྐྱེས་པའི་ཆོག་མཆན་ལེན་དགོས་ཀྱི་མེད་ཁར། མོ་ཊ་གང་དུ་གཏང་ནའང་ཆོག་གི་ཡོད་པ་དང་། དེ་བཞིན་ཐག་གཅོད་དེ་ནི་དུས་དང་མཐུན་པ་ཞིག་ཡིན་སྐོར་བརྗོད་འདུག

དེ་སྔོན་བུད་མེད་ཀྱིས་མོ་ཊ་གཏོང་ཆོག་གི་མེད་པའི་ཁྲིམས་རྐྱེན་གྱིས། ནང་མི་མང་པོ་ཞིག་གིས་བུད་མེད་རྣམས་འགྲུལ་བཞུད་ཀྱི་ཆེད་ཁ་ལོ་བར་ལས་ཀ་སྤྲོད་དགོས་ཀྱི་ཡོད་འདུག་པ་དང་། ཚོད་དཔག་བྱས་པར་གཞིགས་ན་རྒྱལ་ནང་དུ་བུད་མེད་རྣམས་ཕར་ཚུར་མོ་ཊའི་ནང་སྐྱེལ་ཆེད། ལྷོ་དང་ལྷོ་ཤར་ཨེ་ཤི་ཡ་ནས་ཁ་ལོ་བ་འབུམ་བརྒྱད་ལྷག་ནང་འདྲེན་བྱས་ཡོད་འདུག དེ་དག་ལ་སྡོད་ས་དང་ཁ་ལག དེ་བཞིན་དེ་ཚོའི་ཆེད་ཉེན་སྲུང་མ་དངུལ་སོགས་སྤྲོད་དགོས་པས། བཀའ་ཁྱབ་དེས་བུད་མེད་རྣམས་ཀྱི་འགྲོ་སོང་ཡང་ཉུང་དུ་འགྲོ་རྒྱུ་ཡིན་འདུག
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་དཀྱིལ་ཤར་དང་བྱང་ཨ་ཧྥེ་རི་ཀའི་ཉམས་ཞིབ་དང་ཞུ་གཏུག་གི་འགན་འཛིན་ལུ་ཐེར་གྱིས། ཐག་གཅོད་དེ་ནི་གོམ་པ་གཅིག་ཡིན་པ་དང་། སོ་ཌི་ཨ་རབ་ནང་ད་དུང་ཡང་དབྱེ་འབྱེད་ཀྱི་ཁྲིམས་དང་ལམ་སྲོལ་མང་པོ་ཞིག་མེད་པ་བཟོ་དགོས་ཀྱི་ཡོད་སྐོར་བརྗོད་འདུག

བཀའ་རྒྱ་དེར་དགའ་བསུ་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་ལྟར། དེ་ལ་དགག་པ་རྒྱག་མཁན་རྙིང་ཞེན་པ་ཡང་ཡོད་འདུག བཀའ་རྒྱ་དེ་ད་བར་ལྷག་པ་དེ་ཡང་དགག་བྱ་ཆེན་པོ་ཡོད་པས་ཡིན་འདུག རྙིང་ཞེན་པ་ཁག་ཅིག་གིས་གཞུང་གིས་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ཁ་གཅུས་པའི་སྐྱོན་བརྗོད་བྱས་ཡོད་འདུག

སྤྱིར་བཏང་དེ་སྔོན་འཛམ་གླིང་ནང་བུད་མེད་མོ་ཊ་གཏོང་མི་ཆོག་པའི་རྒྱལ་ཁབ་གཅིག་པུ་དེ་སོ་ཌི་ཨ་རབ་ཡིན་པ་དང་། དེ་བཞིན་རྒྱལ་ཁབ་དེའི་ནང་བུད་མེད་ཀྱིས་གྱོན་ཆས་གོན་སྟངས་ཀྱི་སྒྲིག་འཛུགས་དམ་པོ་ལ་བརྩི་སྲུང་བྱེད་དགོས་པ་དང་། འགྲུལ་བཞུད་དང་ལས་ཀ།དེ་བཞིན་སྨན་བཅོས་བྱེད་དགོས་ཚེ། མཉམ་དུ་འབྲེལ་ཡོད་འགན་ལེན་སྐྱེས་པ་དགོས་པའམ་དེ་དག་ལས་ཡིག་ཐོག་གི་ཆོག་མཆན་དགོས་ཀྱི་ཡོད་པ་རེད་པ། གཉེན་ཚན་སོགས་མ་ཡིན་པའི་འབྲེལ་མེད་ཀྱི་སྐྱེས་པ་དང་འབྲེལ་བ་བྱེད་ཆོག་གི་མེད་པ་རེད།
སོ་ཌི་ཨ་རབ་ལ་རྡོ་སྣུམ་གྱི་ཐོན་ཁུངས་ཕྱུག་པོ་ཡོད་པས། ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་འབྲེལ་ལམ་ཡག་པོ་ཉར་ཐབས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྐྱོན་བརྗོད་ལ་མ་ལྟོས་པར། རྒྱལ་ཁབ་དེའི་ནང་སྲོག་ཐོག་ཉེས་ཆད་མང་པོ་གཏོང་གི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 181

Leave a Reply