སྐད་འཕྲིན་མཉེན་ཆས་ཐོག་མི་རིགས་ནག་པོ་དང་འབྲེལ་བའི་རྩོད་རྙོག

རྒྱ་ནག་གི་འཕྲིན་ཐུང་མཉེན་ཆས་སྐད་འཕྲིན་གྱི་ཡིག་སྒྱུར་བྱེད་ཐབས་ནང་། མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ཁྲིམས་འགལ་གྱི་ཐ་སྙད་ཐོན་ཡོད་ཀྱང་། དེ་མཉེན་ཆས་ཀྱི་ནོར་འཁྲུལ་ཡིན་པར་ཁ་གཡར་ཏེ་རྐང་བཙུགས་ནས་བཟོས་པ་མིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༣ ཉིན་དབྱིན་ཡུལ་གྱི་བརྒྱུད་ལམ་གྷ་ཌེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། མི་གྲངས་ས་ཡ་༩༠༠ མ་ཟིན་གྱིས་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གི་འཕྲིན་ཐུང་ཡོ་ཆས་སྐད་འཕྲིན་ནང་གི་ཡིག་སྒྱུར་བྱེད་ཐབས་སྤྱད་ནས། དབྱིན་ཡིག་གི་ཚིག་ཁག་ཅིག་རྒྱ་ཡིག་ནང་སྒྱུར་སྐབས། སྒྱུར་འབྲས་སུ་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ཁྲིམས་འགལ་གྱི་ཐ་སྙད་ཐོན་གྱི་ཡོད་འདུག

དེ་ཡང་རྒྱ་ནག་ཤང་ཧ་གྲོང་ཁྱེར་ནང་གནས་སྡོད་བྱེད་མཁན་ཨ་རིའི་བུད་མེད་ཨེན་ཇེམ་སི་ཡི་གྲོགས་མོ་ཞིག་གིས་རྗེས་ལུས་ཐེབས་པ་ཞེས་པའི་ཚིག་གི་ཐོག་ལ་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་རྒྱ་སྐད་ཐོག་ནས་གོ་སྡུར་བྱས་རྗེས། ཨེན་ཇེམ་སི་ཡིས་སྐད་འཕྲིན་ནང་གི་ཡིག་སྒྱུར་བྱེད་ཐབས་བཀོལ་ནས་རྗེས་ལུས་ཐེབས་པ་ཞེས་པའི་ཚིག་དུམ་དེ་སྒྱུར་སྐབས་སྒྱུར་འབྲས་སུ་དབྱིན་ཡིག་ནང་“The nigger is late.”ཞེས་པ་ཡོང་གི་ཡོད་ཅིང་། “nigger”ཞེས་པའི་ཐ་སྙད་དེ་ནི་མི་རིགས་ནག་པོར་མཐོང་ཆུང་གཏོང་བའི་ཐ་སྙད་དུ་ངོས་འཛིན་གྱིས་དབྱིན་ཡིག་ནང་ཉེ་རབས་སུ་བཀོལ་སྤྱོད་བྱེད་ཀྱི་མེད་ཁར་ཐ་སྙད་དེ་སྤྱོད་པ་ནི་ཁྲིམས་འགལ་དུ་བརྩི་བཞིན་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་ཨེན་ཇེམ་སི་ཡིས་“གལ་སྲིད་ཁྱོད་རང་རྒྱ་ནག་ནང་སྡོད་མཁན་གྱི་མི་རིགས་ནག་པོ་ཞིག་ཡིན་ཚེ་སྨྱོ་ཧམ་ལ་གདོང་ལེན་བྱེད་དགོས་འཁེལ་གྱི་རེད་”ཅེས་དང་། མོ་རང་ལ་རྒྱ་ནག་ནས་ལག་པ་འཆང་བ་དང་མི་མང་གི་ཁྲོད་ནས་པར་བླངས་པའི་གནས་ཚུལ་ཡང་ཡང་དུ་འབྱུང་གི་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད།“རྒྱ་ནག་ནས་མི་རིགས་ནག་པོ་ལ་མཚར་སྣང་ཆེན་པོ་ཡོད་པ་དང་ཆ་རྒྱུས་གཏན་ནས་མེད་པ་ངས་ཤེས་ཀྱི་ཡོད་”ཅེས་བརྗོད་ཡོད་འདུག

སྐད་འཕྲིན་ཚོགས་པའི་མགྲིན་ཚབ་པ་ཞིག་གིས་དེ་ནི་མཉེན་ཆས་བཟོ་སྐྲུན་དང་འབྲེལ་བའི་ནོར་འཁྲུལ་ཡིན་པ་ལས་ཆེད་དུ་བཟོས་པ་མིན་སྐོར་བརྗོད་ནས་བཟོད་གསོལ་ཞུས་པ་དང་སྦྲགས། མཉེན་ཆས་ནང་གི་ཡིག་སྒྱུར་བྱེད་ཐབས་ཐད་ཀྱི་ནོར་འཁྲུལ་དེ་འཕྲལ་དུ་བཟོ་བཅོས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

གནད་དོན་དེ་བྱུང་རྗེས་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཁག་ཅིག་གིས་རྗེས་ལུས་ཐེབས་པ་དང་། ལེ་ལོ། རྐུན་མ་ཞེས་པའི་ཚིག་རྣམས་སྐད་འཕྲིན་ནང་གི་ཡིག་སྒྱུར་བྱེད་ཐབས་སྤྱད་ནས་སྒྱུར་དུས། སྒྱུར་འབྲས་སུ་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ཚིག་ཐོན་གྱི་ཡོད་འདུག་ཀྱང་། རྗེས་སུ་དེ་དག་བཟོ་བཅོས་བཏང་ཡོད་པའི་གནས་ཚུལ་འདུག

དེ་བཞིན་ལོ་སྔོན་མར་རྒྱ་ནག་ནང་བརྙན་འཕྲིན་ཁང་ཞིག་གིས་གོས་བཀྲུ་ཁང་ཞིག་གི་འདག་རྫས་ཁྱབ་བསྒྲགས་བྱེད་སྐབས། འདག་རྫས་ཀྱི་ཤུན་པགས་ཐོག་མི་ནག་པོ་ཞིག་གོས་འཁྲུད་འཕྲུལ་ཆས་ནང་ཕྱིན་ནས་ཚུར་ཐོན་དུས་ཨེ་ཤི་ཡའི་མི་རིགས་ཡིན་པའི་འོད་དང་ལྡན་པ་ཞིག་ཐོན་ཡོང་གི་ཡོད་པའི་པར་རིས་ཡོད་པ་དང་། བརྙན་ཐུང་དེ་འཛམ་གླིང་གང་སར་རྒྱ་ཁྱབ་ཏུ་སོང་ནས་དེའི་བསྟན་དོན་ལ་ཁོང་ཁྲོ་དྲག་པོ་བྱེད་མཁན་མང་པོ་བྱུང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 364

Leave a Reply