སྐད་ཡིག་ཡར་རྒྱས་ཀྱི་འགོག་རྐྱེན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༩  ཕྱི་ལོ་ ༢༠༡༧/༡  /༡༡

འཛམ་གླིང་ཤར་ནུབ་གང་སར་ཡུལ་ལུང་སོ་སོའི་སྐད་ཡིག་རྒྱུན་འཛིན་ཐོག་ནུས་ཤུགས་འདོན་མཁན་མང་པོ་ཡོད་པ་དང་། དེ་ཡང་མང་པོ་ཞིག་གིས་རང་ཉིད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་རྒྱུའི་ཉེན་ཁ་ལ་བརྟེན་ནས་བྱུང་ཡོད། རེ་ཟུང་གིས་མི་རིགས་དེའི་རིག་གནས་ཀྱི་ཤ་ཞེན་ལ་བརྟེན་ནས་སྐད་ཡིག་རྒྱུན་འཛིན་ཐོག་དམིགས་བསལ་གྱིས་ནུས་པ་བཏོན་པ་ཞིག་རེད། བོད་ནང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐོག་མི་མང་གི་ངོས་ནས་ནུས་པ་གང་ཡོད་འདོན་བཞིན་ཡོད་ལ། བཙན་བྱོལ་ནང་དུའང་དེ་མཚུངས་བཞིན་འབད་བརྩོན་བྱེད་བཞིན་པའི་རྣམ་པ་མང་པོ་མཐོང་རྒྱུ་ཡོད། འོན་ཀྱང་བོད་ནང་རྒྱ་མི་མང་བ་དང་། རྒྱ་གཞུང་གི་སྲིད་བྱུས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་ཉེན་ཁའི་གནས་སུ་གྱུར་ཡོད་པ་དང་། བཙན་བྱོལ་ནང་ཁོར་ཡུག་དང་གཞན་བརྟེན་གྱི་གནས་སྟངས་བཟློག་ཐབས་དཀའ་བ་འདིའི་འོག་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐོག་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་ནི་སྨྲོས་མ་དགོས་པ་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་ཐོག་ཕྱོགས་གང་ཐད་ནས་ཤུགས་རྒྱག་དགོས་པའི་དུས་ལ་བབ་ཡོད།

བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐོག་ལ་འབད་བརྩོན་བྱེད་སྟངས་ཡར་རྒྱས་སུ་སོང་ཡོད་པ་མཐོང་རྒྱུ་འདུག་ཀྱང་། ཤུགས་རྐྱེན་ཆེན་པོ་ཐེབས་པར་ཁོར་ཡུག་ཆེ་ཤོས་ནི་གློག་ཀླད་དང་དྲ་རྒྱའི་བརྒྱུད་ལམ་ལ་བརྟེན་ནས་བྱུང་ཡོད། གོ་སྐབས་འདི་བརྒྱུད་ནས་ནམ་རྒྱུན་ཡི་གེ་འབྲི་མི་ཤེས་མཁན་མང་པོ་ཞིག་གིས་ཅུང་ཙམ་རེ་འབྲི་ཤེས་པ་ཆགས་ཤིང་། སྔོན་མ་ཀློག་ཙམ་ཡང་མི་ཤེས་མཁན་དག་གིས་ཀྱང་ཀློག་ཤེས་པ་ཞིག་ཡོང་རྒྱུར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པ་མ་ཟད། སྔོན་མ་བོད་ཡིག་ཚད་ལྡན་འབྲི་མི་ཤེས་པ་མང་པོ་ཞིག་གིས་ཀྱང་བོད་ཡིག་ཚད་ལྡན་འབྲི་བར་རམ་འདེགས་དང་ནུས་པ་རྒྱ་ཆེ་ཐོན་བཞིན་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་ནས་གོ་སྐབས་འདི་དམ་འཛིན་གྱིས་ཤུགས་རྒྱག་དགོས། མ་འོངས་པར་དུས་རབས་ཀྱི་འགྲོས་དང་མཐུན་པར་ཚན་རིག་དང་ལག་རྩལ་ལ་བརྟེན་ནས་གོ་སྐབས་གསར་པ་མང་པོ་ཞིག་ཡོང་ངེས་ཀྱང་། ད་ཆ་གོང་དུ་བརྗོད་པ་བཞིན་གློག་འཕྲུལ་དང་དྲ་རྒྱ་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་རྒྱུད་འཛིན་དར་སྤེལ་གཏོང་ཐབས་བྱེད་དགོས་པ་གལ་ཆེ་ཤོས་སུ་གྱུར་ཡོད། སྐད་ཡིག་རྒྱུད་འཛིན་དང་ཡར་རྒྱས་འགྲོ་བར་མེད་ཐབས་མེད་པའི་ཐབས་ལམ་གཙོ་བོ་ནི། བུ་ཕྲུག་རྣམས་ཆུང་ངུའི་དུས་ནས་རང་གི་སྐད་ཡིག་བསླབས་ནས་སྐད་ཡིག་རྒྱུད་འཛིན་གྱི་སྲོག་རྩ་མི་འཆད་པ་བྱེད་དགོས། དེ་བཞིན་དུས་རྒྱུན་ཁྱིམ་ཚང་ནང་བོད་ཀྱི་སྐད་ཡིག་གི་ཐོག་ནས་སྐད་ཆ་ཤོད་ཐབས་དང་བཅའ་ལག་གི་མིང་ཡང་ཚང་མ་བོད་སྐད་བེད་སྤྱོད་ཡོང་ཐབས་སུ་འབད་རྒྱུ། དེ་བཞིན་བོད་ཡིག་ཅུང་ཙམ་ཤེས་མཁན་ཚོས་བོད་ཡིག་ཡག་པོ་འབྲི་མི་ཤེས་མཁན་དག་གིས་བོད་ཡིག་བྲིས་པར་མཐོང་ཆུང་དང་ཁྱད་གསོད་མང་པོ་བྱས་ནས། བོད་ཡིག་ལ་སྤྲོ་བ་སླེབས་པའི་ལས་དང་པོ་པ་མང་པོ་ཞིག་རང་བཞིན་གྱིས་བོད་ཡིག་དང་ཁ་ཐག་རིང་དུ་འགྲོ་བཞིན་ཡོད། དེང་སྐབས་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་དེ་ལྟ་བུའི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་ནི། བོད་ཀྱི་སྐད་ཡིག་ལ་འཕྲད་པའི་འགལ་རྐྱེན་ཆེ་ཤོས་གྲས་རེད། དེར་བརྟེན་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ནི་གཞི་རིམ་མི་མང་ཁྲོད་བོད་ཀྱི་སྐད་ཡིག་རྒྱུན་གནས་དང་ཡར་རྒྱས་རྒྱུད་འཛིན་བཅས་ཡོང་བའི་སྲོག་རྩ་ཉག་གཅིག་ཏུ་ངོས་འཛིན་བྱེད་དགོས།

བོད་ཀྱི་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་ཡིག་ཐོག་ཏུ་འབེབས་མཁན་མང་དུ་འགྲོ་བཞིན་ཡོད་པ་འདི་ཡང་། སྐད་ཡིག་གཅིག་གྱུར་དང་རྒྱུད་འཛིན་ཐོག་འགལ་རྐྱེན་ཆེ་ཤོས་ཡིན། བཙན་བྱོལ་ནང་དབུས་པའི་ཁ་སྐད་ཀྱིས་བྲིས་པ་སྔ་ཙམ་ནས་ཡོད་ཀྱང་། ཕྱིས་སུ་ཨ་མདོའི་ཁ་སྐད་བསྲེས་ནས་འབྲི་མཁན་ཡང་མང་པོ་ཡོང་གི་འདུག་ཅིང་། ད་ཆ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁམས་ཀྱི་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་ཡིག་ཐོག་ཏུ་འབྲི་མཁན་ཡང་རེ་ཟུང་ཡོང་གི་འདུག དེང་སྐབས་འབྲུག་པས་རྫོང་ཁ་ཞེས་བོད་ཡིག་ལ་བཅོས་སླད་མང་པོ་ཞིག་བྱེད་བཞིན་པ་དང་། ལ་དྭགས་པས་བོད་ཡིག་ལ་ལ་དྭགས་ཀྱི་ཁ་སྐད་ཀྱིས་བསྲེ་སླད་མང་པོ་གཏོང་བཞིན་ཡོད། འབྲུག་པ་དང་ལ་དྭགས་ལ་བོད་པའི་ངོས་ནས་ཤུགས་རྐྱེན་ཐེབས་དཀའ་ཡང་། བོད་པ་རང་ངོས་ནས་དབུས་སྐད་དང་། ཁམས་སྐད། ཨམ་སྐད་ཅེས་ལུང་ཁུག་ཁག་གི་ཁ་སྐད་ཡིག་ཐོག་ཏུ་འབེབས་རྐྱང་བྱས་ན། མ་འོངས་པར་ཡིག་ཐོག་ནས་ཀྱང་གོ་བརྡ་འཕྲོད་དཀའ་བ་ཞིག་དང་། དེ་བས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི་བོད་ཀྱི་རྩ་ཆེ་བའི་གསུང་རབ་དག་སུ་གཅིག་གིས་ཤེས་རྟོགས་མི་ཐུབ་པར་འགྱུར་ངེས་རེད།

གཙོ་ཆེ་ཤོས་བོད་པ་ནང་ཁུལ་དུ་ཁ་སྐད་ཙམ་དུ་མ་ཟད། ཡིག་ཐོག་ནས་ཀྱང་གོ་བརྡ་འཕྲོད་མི་ཐུབ་པ་ཞིག་ཏུ་འགྱུར་སྲིད་པ་མ་ཟད། དེ་ལ་བརྟེན་ནས་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱང་ཁ་ཕྱོགས་མི་འདྲ་བ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྟབས། བོད་ཀྱི་ས་ཁུལ་བྱེ་བྲག་པའི་ཁ་སྐད་ཡིག་ཐོག་ཏུ་འབྲི་སྲོལ་འདིའི་ཕན་གནོད་ལ་དོ་སྣང་བྱེད་དགོས། རྩ་བས་སྐད་ཡིག་རྒྱུན་གནས་ཆེད་ཁ་སྐད་དང་ཡིག་སྐད་གཅིག་གྱུར་རམ་བར་ཐག་ཐུང་དུ་གཏོང་དགོས་མོད། བོད་ཀྱི་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་ཡིག་ཐོག་འགོད་རྒྱུ་མང་དྲགས་ན། བོད་ཀྱི་གལ་ཆེ་བའི་གཞུང་ལུགས་ཁག་གི་ནང་དོན་ཡང་རིམ་པས་རྟོགས་མཁན་མེད་པར་འགྱུར་གྱི་རེད། དེ་བས་ད་ལྟ་ཡོད་བཞིན་པའི་ཐུན་མོང་གི་ཡིག་སྐད་གཞིར་བཟུང་ཐོག་དེང་དུས་དར་སྲོལ་ཆེ་བའི་བཅའ་དངོས་ཁག་གི་མིང་གསར་སྣོན་བྱེད་དགོས། སྐད་ཡིག་རྒྱུད་འཛིན་གྱི་ཐོག་ལ་དགོངས་པ་བཞེས་ནས་ཕྱག་ལས་གནང་མཁན་དག་གིས་དེའི་ཐོག་གོ་རྟོགས་སྤེལ་དགོས་པ་ནི། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་གནས་དང་གོང་འཕེལ་གྱི་ཆེད་དུ་གནད་འགག་ཆེ་ཤོས་སུ་གྱུར་ཡོད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 40

Leave a Reply