སྐྱབས་བཅོལ་བ་༥༠ ཙམ་ཆེད་དུ་མངགས་ནས་ཆུར་ནུབ་བཅུག་པ།

མཉམ་སྦྲེལ་རྒྱལ་ཁབ་ཀྱི་གནས་སྤོ་བའི་ལས་ཁང་གིས་བརྗོད་དོན་ལྟར་ན། ཁྲིམས་འགལ་གྱི་མི་གཏོང་མཁན་ཞིག་གིས། ཆེད་དུ་མངགས་ནས་མང་ཤོས་ལ་སྐྱབས་བཅོལ་བ་༥༠ ཙམ་ཆུའི་ནང་ནུབ་བཅུག་ཡོད་འདུག

ཟླ་༨ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇེ་ཛེ་རའི་ཐོག་ཏུ་གནས་ཚུལ་སྤེལ་གསལ། མཉམ་སྦྲེལ་རྒྱལ་ཁབ་ཀྱི་གནས་སྤོ་བའི་ལས་ཁང་གི་ལས་བྱེད་ཚོས། ཡེ་མེན་རྒྱལ་ཁབ་ཀྱི་མཚོ་ཁར་སྐྱབས་བཅོལ་བའི་ཕུང་པོ་ཡོད་པའི་ས་དོང་༢༩ དང་གསོན་པོ་ཡིན་པའི་སྐྱབས་བཅོལ་བ་མང་པོ་ཞིག་རྙེད་སོན་བྱུང་ཡོད་འདུག ས་དོང་ནང་ཕུང་པོ་༢༩ སྦས་མཁན་ནི་མཚོའི་ནང་ནས་གསོན་པོ་ཐར་ཐུབ་མཁན་དག་ཡིན་འདུག

སྐྱབས་བཅོལ་བ་དེ་དག་གིས་ལས་བྱེད་རྣམས་ལ་བརྗོད་དོན་ལྟར་ན། ཟླ་༨ པའི་ཚེས་༩ ཉིན་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་མ་ལི་ཡ་དང་ཨི་ཐོ་པི་ཡ་གཉིས་ནས་ཡིན་པའི་སྐྱབས་བཅོལ་བ་༡༢༠ ལས་མང་བ་ཞིག གྲུ་གཟེིངས་ཐོག་ཡེ་མེན་རྒྱལ་ཁབ་ཀྱི་མཚོ་ཁར་འགྲུལ་བཞུད་བྱེད་བཞིན་སྐབས། ཁྲིམས་འགལ་གྱི་མི་གཏོང་མཁན་ཞིག་གིས་མཚོ་ཁའི་ཉེ་འགྲམ་དུ་དབང་ཚད་ལྡན་པའི་མི་སྣའི་རིགས་ཤིག་མཐོང་བས། སྐྱབས་བཅོལ་བ་ཚང་མ་བཙན་སྐུལ་ཐོག་མཚོའི་ནང་འབུད་རྒྱག་བཏང་རྗེས། ཕྱིར་སོ་མ་ལི་ཡའི་རྒྱལ་ཁབ་ཏུ་མི་ལེན་པར་ཕྱིན་ཡོད་འདུག

མཉམ་སྦྲེལ་རྒྱལ་ཁབ་ཀྱི་གནས་སྤོ་བའི་ལས་ཁང་གིས་བྱ་སྤྱོད་དེ་ནི་མི་སྤྱོད་ལས་འདས་པ་དང་སེམས་སྐྱོ་བ། དེ་བཞིན་ཧ་ལས་དགོས་པ་ཞིག་ཡིན་སྐོར་བརྗོད་ནས། ད་ལྟའི་ཆར་ཉུང་མཐར་མི་གྲངས་༢༢ ཞིག་བོར་བརླག་གི་གནས་སྟངས་འོག་ཡོད་པ་དང་། གྲུ་གཟིངས་ཐོག་གི་སྐྱབས་བཅོལ་བ་དེ་དག་གི་ཆ་སྙོམས་ཀྱི་ལོ་ཚད་ནི་༡༦ ཡིན་སྐོར་བརྗོད་ཡོད་འདུག

དཀྱིལ་ཤར་ཡུལ་གྲུ་ཡེ་མེན་ནང་གཞུང་འཛིན་ཚོགས་པ་དང་དེར་ངོ་རྒོལ་བྱེད་མཁན་བར་ནང་འཁྲུག་རྒྱག་བཞིན་ཡོད་པས། རྒྱལ་ཁབ་དེའི་མཚོ་ཁ་ནས་ཡུ་རོབ་ལ་སྐྱབས་བཅོལ་འགྲོ་བར་སྟངས་འཛིན་བྱེད་མཁན་མེད་པས། སྐྱབས་བཅོལ་བ་མང་པོ་ཞིག་ཁྲིམས་འགལ་གྱི་མི་གཏོང་མཁན་གྱིས་ཐོག་མར་རང་ཁུངས་རྒྱལ་ཁབ་ནས་དེར་བསྐྱལ་གྱི་ཡོད་པ་དང་། དེ་ནས་ཡུ་རོབ་ཏུ་ཉེན་ཁ་ཆེ་བའི་གནས་སྟངས་ཐོག་མདུན་བསྐྱོད་བྱེད་ཀྱི་ཡོད་པ་རེད་འདུག

གནས་སྤོ་བའི་ལས་ཁང་གིས་ལོ་འདིའི་ཟླ་༡ པོ་ནས་ད་བར་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ནས། མི་གྲངས་༥༥༠༠༠ ཙམ་ཡེ་མེན་རྒྱལ་ཁབ་ཏུ་གྲུ་གཟིངས་ཐོག་བསྐྱོད་ཡོད་པ་དང་། དེ་ཡང་མི་གྲངས་མང་ཆེ་བ་ནང་འཁྲུག་གི་གནོད་འཚེ་ཆེ་བའི་རྒྱལ་ཁབ་སོ་མ་ལི་ཡ་དང་ཨི་ཐོ་པི་ཡ་གཉིས་ནས་ཡིན་འདུག དེའི་ནང་གསུམ་ཆ་གཅིག་བུད་མེད་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ས་ཁུལ་དེར་གནས་སྤོ་བ་རྟོག་ཞིབ་བྱེད་མཁན་ཚོགས་པ་ཞིག་གིས་བརྗོད་དོན་ལྟར་ན། ཕྱི་ལོ་༢༠༡༦ ལོར་ཡེ་མེན་གྱི་མཚོ་ཁར་སྐྱབས་བཅོལ་བ་མི་གྲངས་༡༡༡༥༠༠ ལས་མང་བ་འབྱོར་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༥ ལོར་མི་གྲངས་༡༠༠༠༠༠ ཙམ་སླེབས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 531

Leave a Reply