སྡུག་བསྔལ་གྱི་རྒྱུ་གཙོ་བོ་དེ་བདག་འཛིན་མ་རིག་པ་རེད།

སུ་དང་སུ་ཡིན་ནའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། འོན་ཀྱང་སྡུག་བསྔལ་ཡོང་བཞིན་པ་དེ་མི་ཤེས་པའི་དབང་གིས་རེད་མ་གཏོགས་ཤེས་ནས་སྡུག་བསྔལ་བཟོ་མཁན་སུའང་ཡོང་གི་མ་རེད། དེར་བརྟེན་མི་ཤེས་པའི་དབང་གིས་སྡུག་བསྔལ་ཡོང་གི་ཡོད་རེད། མ་ཤེས་པར་རིམ་པ་མང་པོ་ཡོད་པའི་ནང་ནས་མཐར་གཏུགས་ཡོང་དུས་བདག་ཏུ་འཛིན་པའི་བདག་འཛིན་གྱིས་བྱེད་ཀྱི་ཡོད་རེད་ཅེས་༧གོང་ས་མཆོག་གིས་གསུངས་སོང་།

བོད་རྒྱལ་ལོ་༢༡༤༤ མེ་བྱ་ལོའི་ཆོ་འཕྲུལ་དུས་ཆེན་གྱི་ཉིན་ཏེ། ཕྱི་ལོ་༢༠༡༧ ཟླ་༣ ཚེས་༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༨ དང་སྐར་མ་༡༥ ཐོག་༸གོང་ས་མཆོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་བཞུགས་ཁྲི་སྟེང་ཞབས་སོར་འཁོད་དེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྐུ་མགྲོན་རྣམ་པ། གཞན་ཡང་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་སྐྱེས་རབས་སོ་བཞི་དང་། བསྟན་འགྱུར་བསྟོད་ཚོགས་ལས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སེམས་ཀྱི་རྡོ་རྗེའི་བསྟོད་པ་གཉིས་ཀྱི་བཀའ་ཆོས་གནང་བ་དང། ཟླ་འདིའི་ཕྱི་ཚེས་༡༣ ནས་བཟུང་ཉིན་གཉིས་ཀྱི་རིང་ལ་མགོན་པོ་གང་ཉིད་ཀྱིས་མུ་མཐུད་རྒྱལ་སྲས་ལག་ལེན་གྱི་བཀའ་ཆོས་གནང་རྒྱུ་ཡིན་འདུག དེ་ཡང་ཐོག་མར་༸གོང་ས་མཆོག་གིས་སྔོན་འགྲོའི་གསུང་ཆོས་སྐབས་དབུ་མའི་གཏན་ཚིགས་ཀྱི་ལམ་ནས་བདག་མེད་པ་གཏན་ལ་ཕབ་ཚུལ་དང་འབྲེལ་ནས་གསུང་དོན་དུ། “ང་རང་ཚོ་སུ་དང་སུ་ཡིན་ནའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། འོན་ཀྱང་སྡུག་བསྔལ་ཡོང་བཞིན་པ་དེ་མི་ཤེས་པའི་དབང་གིས་རེད་མ་གཏོགས་ཤེས་ནས་སྡུག་བསྔལ་བཟོ་མཁན་སུའང་ཡོང་གི་མ་རེད། དེར་བརྟེན་མི་ཤེས་པའི་དབང་གིས་ཡོང་གི་ཡོད་རེད། མ་ཤེས་པར་རིམ་པ་མང་པོ་ཡོད་པའི་ནང་ནས་མཐར་གཏུགས་ཡོང་དུས་བདག་ཏུ་འཛིན་པའི་བདག་འཛིན་གྱིས་བྱེད་ཀྱི་ཡོད་རེད། དེར་ཕྲ་རགས་མང་པོ་ཕྱེ་ཡོང་དུས་མདོར་ན། ཤེས་རབ་སྙིང་པོ་ནང་ཡོད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པའི་སྟོང་པ་རེད། དཔེར་ན། གཟུགས་ལྟ་བུར་མཚོན་ན། གཟུགས་སྟོང་པའོ་གསུང་གི་ཡོད་རེད། གཟུགས་དང་། སྒྲ། དྲི། རོ། རེག་བྱ་ལ་སོགས་པ་དེ་དག་ཚང་མ་བཏགས་དོན་བཙལ་ན་རྙེད་རྒྱུ་མེད། གཟུགས་སྟོང་པའོ་ཟེར་དུས་གཟུགས་མེད་པའི་སྐད་ཆ་བཤད་ཀྱི་མེད། གཟུགས་ཡོད་ཀྱང་གཟུགས་ཀྱི་ངོ་བོ་ག་འདྲ་འདུག བསམ་བློ་གཏང་ནས་དཔྱད་པ་བྱས་ན་ཁྱོན་ནས་རྙེད་རྒྱུ་ཡོད་མ་རེད། དེར་བརྟེན་གཟུགས་སྟོང་པའོ།། ང་རང་ཚོའི་བློ་ལ་སྣང་ཡོང་དུས། དཔེར་ན། ཕྱི་རོལ་པས་ཤིང་གི་དབྱིབས་དང་ཁ་དོག་ལ་སོགས་པ་ལ་གཟུགས་ཞེས་མཛུབ་མོ་འཛུགས་ཀྱི་ཡོད། ང་རང་ཚོས་དཔེར་ན། ཤིང་ག་བར་འདུག་ཟེར་དུས་ཕ་གི་ཞེས་བརྗོད་དུས་རང་ངོས་ནས་གྲུབ་པ་ཞིག་ཤར་གྱི་ཡོད། ཤིང་དེའི་ཁ་དོག་དང་། དབྱིབས། རྒྱུ་བཅས་ཕར་བཙལ་དུ་ཕྱིན་པ་ཡིན་ན། ཤིང་གི་ཁ་དོག་དང་དབྱིབས། ལོ་མ། ཡལ་ག སྡོང་པོ་བཅས་ཕར་བཞག་ན། སྡོང་པོ་དང་ལོ་མ། ཡལ་ག རྩ་བ་བཅས་དེ་ཚོའི་གྲས་གང་རེད་ཅེ་ན། ཤིང་གི་རེད་ཟེར་གྱི་རེད། ལོ་མ་དང་རྩ་བ། སྡོང་པོ། དེ་བཞིན་ཤིང་གི་དབྱིབས་དང་ཁ་དོག་གང་རེད་ཅེ་ན། ཤིང་དེ་རེད། འོ་ན་ཤིང་དེ་གང་རེད། ལོ་མ་དང་ཡལ་ག་སོགས་ཕར་བཞག་པ་ཡིན་ན། ཤིང་རྙེད་རྒྱུ་མེད། འདི་ཚན་རིག་པས་ཀྱང་བཤད་ཀྱི་ཡོད་”ཅེས་དང་།

དེ་བཞིན་ཁོང་གིས་ཆོ་འཕྲུལ་དུས་ཆེན་དང་འབྲེལ་ནས་མུ་མཐུད་བཀའ་སློབ་བསྩལ་དོན་དུ། “ནང་གི་བདེ་སྡུག་གི་ཚོར་བ་ཡོང་བཞིན་ཡོད་སྟབས། ཚོར་བར་བསམ་བློ་ཡག་པོ་བཏང་ན། ལུས་ཚོར་དང་ཡིད་ཚོར་ཞེས་ཡོད་རེད། ལུས་ཀྱི་ཚོར་བ་ཟེར་དུས་རྐྱེན་དེ་ལུས་དང་འབྲེལ་བ་ཡོད་ཀྱང་ཚོར་བ་མྱོང་མཁན་ནི་ཤེས་པ་ཆགས་ཡོད། ང་ཚོའི་བློ་ལ་ལུས་ཞེས་ལྷང་ངེར་ཡོད་པ་ཞིག་བློ་ལ་ཤར་ཡོང་བ་དང་། སེམས་ཟེར་དུས་ལྷང་ངེར་ཡོད་པ་ཞིག་བློ་ལ་ཤར་ཡོང་གི་ཡོད་རེད་དེ་ཕལ་བཙལ་དུས་ཁྱོན་ནས་རྙེད་རྒྱུ་མེད། དེར་བརྟེན་སངས་རྒྱས་པས་བདག་མེད་པ་གསུང་རྒྱུའི་ལྟ་གྲུབ་དངོས་པོའི་གནས་ཚུལ་ཞིབ་ཚགས་པོའི་ཐོག་བརྟག་དཔྱད་བྱས་ནས་གཏན་ལ་ཕབ་པའི་དངོས་པོ་ཡིན་ལུགས་ཇི་མ་ཇི་བཞིན་གསུང་བཞིན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་རྒྱུ་མཚན་བརྟག་དཔྱད་ཇི་ཙམ་བྱས་ཀྱང་རིག་པས་སྒྲུབ་བྱེད་མ་གཏོགས་རིག་པས་གནོད་པ་མེད་པའི་ལྟ་གྲུབ་འདི་འདྲ་ཞིག་གསུངས་བ་དང་ཆབས་ཅིག་དེའི་ཚེ་དེའི་དུས་བདག་ཏུ་ལྟ་མཁན་གྲུབ་མཐའ་སྨྲ་བས། བཅོམ་ལྡན་འདས་ཀྱིས་བདག་མེད་པ་གསུང་དུས་ཕྲན་བུ་ཡ་མཚན་པོ་ལྟ་བུ་མཐོང་ནས་དེ་ལ་རིགས་པའི་ལམ་ནས་དགག་པ་བརྒྱག་རྒྱུ། རིགས་པའི་ལམ་ནས་དགག་པ་བྱེད་རྒྱུ་མེད་སྟབས་རྫུ་འཕྲུལ་ལྟ་བུ་སྟོན་ནས་རྫུ་འཕྲུལ་གྱི་ལམ་ནས་ཆོ་འཕྲུལ་རྩེད་རྒྱུ་དེ་འདྲ་བྱུང་ཡོད་པ་རེད། ཞེ་ས་མ་ཞུས་ན་བཅོམ་ལྡན་འདས་རིགས་པའི་ལམ་ནས་གསལ་བཤད་དང་རྩོད་པ་བསྐྱོན་རྒྱུར་ཁྱོན་ནས་ཐོགས་པ་མེད་པ་རེད། མུ་སྟེགས་པས་རྫུ་འཕྲུལ་འདྲ་བསྟན་ཡོང་དུས་དེ་ལ་གཞིག་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་འདྲ་བསྟན་ཡོད་སྟབས། དེ་འདྲའི་དུས་ཚིགས་རྩ་བའི་ལོ་རྩི་སྟངས་མི་འདྲ་བ་ཞིག་ཡོད་པ་ཡིན་དུས་ཏག་ཏག་བཤད་ཐུབ་ཀྱི་མ་རེད། གང་ལྟར་ང་རང་ཚོ་ཡོངས་གྲགས་བོད་ཟླ་དང་པོའི་ནང་ཆོ་འཕྲུལ་ཟླ་བ་ཞེས་ཆོ་འཕྲུལ་གནང་རྒྱུའི་ལོ་རྒྱུས་གྲས་བཤད་བཞིན་ཡོད། འདི་སྟོན་པའི་མཛད་པ་རྗེས་སུ་དྲན་རྒྱུའི་ཆོ་འཕྲུལ་སྨོན་ལམ་ཞེས་ཕལ་ཆེར་རྗེ་རིན་པོ་ཆེས་གཙོ་འདོན་གནང་བ་ཡིན་པ་འདྲ།”ཞེས་སོགས་ཀྱི་བཀའ་ཆོས་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 221

Leave a Reply