སྤེན་པ་ཚེ་རིང་ལགས་ལ་ཉེས་པ་ཡོད་མི་ཆོག་པ་ཡིན་ནམ།

དྲ་འདྲེ།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཕྲག་ཏུ་བབ་པའི་ལས་དོན་ཁག་ཅིག་གི་ཐོག་ལ་འཐུས་ཤོར་བཏང་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བླང་དོར་སྒྲིག་གཞི་དོན་ཚན་འགར་བརྩི་སྲུང་ཚུལ་བཞིན་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས། རང་གཞུང་འཛིན་སྐྱོང་བཀའ་ཤག་ནས་དོ་བདག་གི་ལས་གནས་འཕོ་འགྱུར་བཏང་པའི་གནས་ཚུལ་ཐོན་པའི་རྗེས། སྤེན་པ་ཚེ་རིང་ལགས་སྒེར་གྱི་བྱས་ཉེས་ནས་རིམ་བཞིན་དྲ་ལམ་དང་སྲང་ལམ་བར་གྱི་གནད་དོན་ཞིག་ཏུ་གྱུར་པ་དང་། དེ་སྔར་ཡིན་ན་གཤམ་འོག་ལས་བྱེད་འཕོ་འགྱུར་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱེད་སྲོལ་མེད་བཞིན་དུ། དཔལ་ལྡན་བཀའ་ཤག་ནས་ཐུགས་དགོངས་ཆེ་བཞེས་ཀྱིས་སྔ་ཕྱིར་གསལ་བཤད་ཐེངས་འགའ་གནང་པའི་མཐའ་མར་“ཉེས་དོན་དོན་ཚན་བཅུ་”ཅན་ཞིག་ཕྱིར་བསྒྲགས་གནང་ཡང་ཕན་འབྲས་མ་བྱུང་པའི་ཁར། སྔར་ལོའི་འོས་བསྡུ་སྐབས་ཀྱི་ན་ཚ་རྙིང་པ་བསྐྱར་ལོག་རྒྱག་པར་ལྟར། ཕྱོགས་འཐེན་དཔུང་སྒྲིག་མཁན་ཉུང་ཤས་ཤིག་གིས་སྤེན་པ་ཚེ་རིང་ལགས་ཀྱི་བྱས་ཉེས་དོན་ཚན་རྣམས་བདེན་རྫུན་དབྱེ་འབྱེད་གཏན་ནས་མེད་པར་གཏམ་བརྗོད་འདྲ་མིན་དང་བྱ་སྤྱོད་སྣ་ཚོགས་ཤིག་སྤེལ་ཏེ། སྤྱི་ཚོགས་ཁ་བྲལ་དང་ཆིག་སྒྲིལ་རྩ་གཏོར་གྱི་ལས་ཚབས་ཆེན་བསགས་དང་གསོག་མུས་བཞིན། གནད་དོན་འདི་དང་འབྲེལ་ནས་གཤམ་དུ་རང་གི་ལྟ་ཚུལ་ཁ་ཤས་གླེང་བར་འདོད།

སྐུ་ཚབ་དོན་གཅོད་ཁང་ཁག་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཐད་ཀར་འཛིན་སྐྱོང་ཡོད་པའི་ཕྱི་འབྲེལ་ལས་ཁང་ཞིག་ཡིན་ཞིང་། དོན་གཅོད་ཀྱི་ལས་འགན་ནི་བཀའ་ཤག་གི་ལམ་སྟོན་འོག་གནས་ཡུལ་རྒྱལ་ཁབ་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སྣར་འབྲེལ་ལམ་བཙུགས་ཏེ་ཆབ་སྲིད་དང་དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་ཐོབ་ཐབས་དང་། གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་ལ་མཐུན་འགྱུར་ཞབས་ཏོག་གང་ལེགས་བསྒྲུབ་རྒྱུ། དེ་བཞིན་ས་གནས་བོད་རིགས་དང་འབྲེལ་བའི་ལས་དོན་ཁག་གཅིག་ལྕོགས་སུ་གནང་རྒྱུ་སོགས་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ཡིན་ལ། བཀའ་ཤག་ནས་ཕྱིར་བསྒྲགས་གནང་པའི་འཐུས་ཤོར་དང་བྱས་ཉེས་དོན་ཚན་བཅུ་པོར་རེ་རེ་བཞིན་ཞིབ་ཏུ་བསམས་ན། བསྡོམས་པའི་དོན་ཚན་བཅུ་ཕར་ཞོག  དེའི་ནང་གི་དོན་ཚན་གང་རུང་གཅིག་གིས་ཀྱང་གཞུང་ཞབས་ལས་བྱེད་ཅིག་འཕོ་འགྱུར་གཏོང་འོས་པའི་རྒྱུ་རྐྱེན་ཡོངས་སུ་ཚང་ཡོད་པ་མ་ཟད། གཞུང་གི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་དང་འབྲེལ་བའི་གནད་དོན་འདིའི་རིགས་འཛིན་སྐྱོང་ནས་ཐག་གཅོད་གཏན་འབེབས་གནང་སྟེ་ཕེབས་རྒྱུ་ཞིག་ལས། འདི་ལ་འགྲིག་མ་འགྲིག་གི་རྩོད་པ་རྒྱག་ས་མེད་པ་ལྟ་བུ་ཞིག་རེད།

སྤེན་པ་ཚེ་རིང་ལགས་ཚུད་པའི་དོན་གཅོད་སུ་ཞིག་ཡིན་ནའང་གོང་གསལ་གལ་ཆེའི་སྤྱི་པའི་ལས་དོན་ཆེ་ཁག་དང་། ལྷག་པར་གོང་ས་མཆོག་གི་མཛད་འཕྲིན་སོགས་ཀྱི་ལས་དོན་ཐོག་འཐུས་ཤོར་དང་ནོར་འཁྲུལ་ཅི་ཞིག་བྱུང་བ་ཡིན་ནའང་མཇུག་འབྲས་ཧ་ཅང་ཚབས་ཆེན་ཡིན་ལ། དེའི་ཐག་གཅོད་ཀྱི་འགན་དབང་ཆ་ཚང་ཡང་བྱ་སྤུ་གནོན་གྱི་སྒྲིག་ལྟར་གོང་རིམ་ཕྱི་དྲིལ་ལྷན་ཁང་དང་། ཆེའི་མཐོའི་དབང་འཛིན་བཀའ་ཤག་གམ་ཡང་ན་དཔལ་ལྡན་ལས་ཐོག་སྲིད་སྐྱོང་མཆོག་ལ་ཡོད་པ་ནི་ད་ལྟའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་མ་ལག་དང་། འབྲེལ་ཡོད་ཁྲིམས་སྒྲིག་ནང་གསལ་བའི་གཡོལ་ཏུ་མེད་པའི་འགན་ཁུར་དང་གྲུབ་ཆ་ཞིག་ཆགས་ཀྱི་ཡོད་པས། གལ་ཏེ་དོན་གཅོད་གང་རུང་ཞིག་གི་ལས་དོན་འཐུས་ཤོར་དང་ནོར་འཛོལ་ལ་བཀའ་ཤག་ནས་འགན་ཁུར་མ་གནང་བར་སྣང་མེད་དུ་བཏང་བ་ཡིན་ན། དེ་ལ་ད་གཟོད་མི་མང་ནས་སྐྱོན་བརྗོད་དང་ཉེས་འཛུགས་དགོས་ངེས་ཤིག་ཆགས་ཀྱི་ཡོད་པ་ལས། མགོ་མ་མཐོང་གོང་ནས་ཐོད་ཁྲ་མ་དང་རྐུབ་མ་མཐོང་གོང་ནས་རྔ་དཀར་མ་ཟེར་བའི་དཔེ་བཞིན། སྤེན་པ་ཚེ་རིང་ལགས་འཕོ་འགྱུར་བཏང་པའི་རྒྱུ་རྐྱེན་དོན་ཚན་རྣམས་རེ་རེ་བཞིན་དངོས་ཡོད་ཡིན་མིན་མ་ཤེས་གོང་ནས་བཀའ་ཤག་དང་སྲིད་སྐྱོང་ལ། ཕ་ས་ཕ་ཡུལ་འཕྲོག་མཁན་གྱི་དགྲ་བོ་རྒྱ་དམར་ནང་བཞིན་ཁ་ཁོམ་མཁན་ཚོས་སྐྱོན་བརྗོད་ཀྱི་སྐད་ཆ་བཤད། ལག་ཁོམ་མཁན་ཚོས་དམའ་འབེབས་ཀྱི་ཡི་གེ་བྲིས། དངུལ་ཡོད་མཁན་ཚོས་དྭངས་བླངས་ཀྱི་ཞལ་འདེབས་ཕུལ། སྐད་འཕྲིན་དང་ངོ་དེབ་ནང་དུ་དཔུང་བསྒྲིགས་ཀྱི་ཚོགས་པ་བཙུགས། གཅིག་རྒྱབ་གཅིག་ལངས་ཡིན་སྐད་ཀྱི་ས་ཡིག་དང་མིང་ཐོ་བསྡུས། ད་དུང་མི་ཡང་མོ་ཤོག་བུ་འདྲ་བ་ཁག་ཅིག་ཁྲོམ་ལ་ཐོན་ནས་ངོ་རྒོལ་གྱི་འཕྲེད་དར་འཕྱར། སྐད་འབོད་ཀྱི་ཐ་ཚིག་བསྒྲགས་པའི་བྱ་སྤྱོད་འདི་ཚོ་ཤིང་ཏོག་ཟ་འདོད་མིན་པར་ཡལ་ག་བཅག་འདོད་ཀྱི་དཔེ་བཞིན། སྤེན་པ་ཚེ་རིང་མི་གཅིག་ལ་གཞུང་གི་ལས་ཀ་སྤྲོད་མིན་གྱི་གནད་དོན་གཅིག་པུ་ཞིག་མ་ཡིན་པར། འདིའི་རྒྱབ་ཏུ་གཏིང་ཟབ་པའི་ཆོལ་ཁའི་ཕྱོགས་ཞེན་གྱི་སྐྱུག་བྲོ་བའི་ན་ཚ་ཞིག་ཡོད་པ་ཟུར་བལྟས་ལེབ་མཐོང་ལྟ་བུ་རེད་ལ། ད་དུང་རྒྱ་གཞུང་གི་བཀོལ་སྤྱོད་འོག་ཏུ་ཚུད་པའི་ནང་རུལ་པའང་གནད་དོན་འདི་འདྲ་བའི་ནང་དུ་འཚང་སྟེ་དཀྲུག་ཤིང་རྒྱག་གི་མེད་པའི་ངེས་པ་རྩ་བ་ནས་མེད། ཡུལ་གྱར་བོད་མི་རྣམས་ནང་འཁྲུག་འོག་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུ་ནི་རྒྱ་ནག་གཞུང་ལ་མཚོན་ན་ཧ་ཅང་མཐོང་འདོད་པའི་གནས་ཚུལ་ཞིག་རེད།

ལས་འགུལ་འདི་འདྲ་བ་རེ་ཚ་ཚ་འུར་འུར་ངང་ལ་མོ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་དམར་གྱི་ཐོག་ལ་གཅིག་སྤེལ་ཐུབ་པ་ཡིན་ན། སེམས་ཤུགས་འདི་འདྲ་བ་ཞིག་བོད་མིའི་རང་དབང་བདེན་པའི་ལས་འགུལ་གྱི་ཐོག་ཏུ་གཅིག་སྤུངས་ཐུབ་པ་ཡིན་ན། དུས་ཚོད་འདི་འདྲ་བ་ཞིག་གཞིས་ལུས་བོད་མི་རྣམས་ཀྱི་རེ་བ་དང་ཡིད་ཆེས་ཀྱི་ཆེད་དུ་གཅིག་གཏོང་ཐུབ་པ་ཡིན་ན། བོད་གངས་ཅན་ལྗོངས་ལ་རང་དབང་བདེན་པའི་ཉི་མ་ཞིག་མྱུར་དུ་འཆར་མ་ཐུབ་པའི་དབང་དུ་བཏང་ན་ཡང་། རྒྱ་གུང་ཁྲན་གཞུང་གི་གཉའ་གནོན་དང་བསུན་བཙེར་འོག་ཡོད་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་སེམས་ཤུགས་འཕར་མ་རེ་དང་རེ་བ་གསར་པ་རེ་སྦྱིན་ཐུབ་པ་གཏན་ཁེལ་བ་མ་ཟད། རྒྱལ་བ་ཡིད་བཞིན་ནོར་བུས་ད་བར་སྐུ་ལས་བསྐྱོན་པའི་དྲིན་ལན་ལོག་འཇལ་དུ་མི་འགྲོ་བ་ཞིག་ཡོང་རྒྱུ་ཡིན་པ་ཐེ་ཚོམ་མི་འདུག

ཡིན་ནའང་ཁོང་ཚོས་ངོ་རྒོལ་བྱེད་ས་དང་ས་ཡིག་བསྡུ་ས། ཞལ་འདེབས་སློང་ས། འཕྲེད་དར་འཕྱར་ས། དམའ་འབེབས་བྱེད་ས་དེ་ནི་རི་བོ་ཧི་མ་ལ་ཡའི་ཕར་རྒྱབ་ཀྱི་རྒྱ་ནག་དམར་པོའི་འགོ་ཁྲིད་མ་ཡིན་པར། བཙན་བྱོལ་བོད་མི་མང་ཤོས་མ་གྲོས་བསམ་པ་གཅིག་ཏུ་མཐུན་པའི་སྒོ་ནས་འོས་འདེམས་བྱས་པའི་དབུ་ཁྲིད། གོང་ས་ཡིད་བཞིན་ནོར་བུའི་ཐུགས་ཀྱི་དགོངས་པ་རྒྱ་ཆེ་ཡོངས་སུ་རྟོགས་མཁན་དང་མགོན་པོ་གང་ཉིད་ཀྱི་ཡིད་ཆེས་བློ་གཏད་གནང་ཡུལ། དབུས་བོད་མའི་སྒྲིག་འཛུགས་ཀྱི་ལས་ཐོག་སྲིད་སྐྱོང་དང་སྤྱི་པའི་གཞུང་ངམ་སྒྲིག་འཛུགས་ཀྱི་ཐོག་ལ་རེད།

སྤྱི་ཡོངས་ནས་བཤད་ན་བོད་མི་འདི་དག་གི་ཀུན་སློང་དང་བསམ་སྤྱོད་ཚུལ་མཐུན་དང་ཡང་དག་ཡིན་མིན་ལ་མ་ལྟོས་པར་བསམ་ཚུལ་མི་མཐུན་པ་དང་། རྣམ་པ་འདྲ་མིན་གྱི་ངོ་རྒོལ་ལས་འགུལ་འདྲ་བོ་སྤེལ་བཞིན་པ་འདི་དག་ཧ་ལས་དགོས་པ་དང་ཧོན་འཐོར་དགོས་ཡ་ཞིག་གཏན་མིན་ལ། རང་དབང་དང་མང་གཙོའི་ལུང་པ་ཞིག་གི་ནང་དུ་བསམ་ཚུལ་དང་སྐད་སྒྲ་འདྲ་མིན་ཡོང་སྲིད་པ་དང་ཡོང་ཆོག་པ་ཞིག་རེད། ཡིན་ནའང་ཐེངས་འདིའི་ངོ་རྒོལ་ནི་ཡང་དག་པའི་མང་གཙོའི་ལམ་ལུགས་དང་མཐུན་པའི་སྒོ་ནས་མི་མང་གི་བསམ་ཚུལ་ཕྱི་ལ་བཏོན་པ་ཞིག་མ་ཡིན་པར། ལུང་ཚན་དང་ཤོག་ཁག་དཔུང་བསྒྲིགས་ནས་རང་ཉིད་ཕྱོགས་གཏོགས་ཀྱི་མི་སྣའི་རྒྱབ་ཏུ་ལངས་པའི་བྱ་སྤྱོད་ཅིག་ཡིན་སྟབས། འདི་ནི་ད་ལྟའི་དཀྱིལ་ཤར་ཨ་རབ་ཁུལ་གྱི་ཁ་ཆེའི་གྲུབ་མཐའ་མ་འདྲ་བའི་བར་ཁྱོད་ཤི་ང་གསོན་གྱི་འགལ་ཟླ་དང་ཅུང་ཟད་མཚུངས་པའི་ཆ་ཡོད་ལ། རང་བཙན་ཡོད་མཁན་གྱི་ལུང་པ་ཞིག་ལ་ཆ་མཚོན་ན། ནང་ཁུལ་ཕྱོགས་གཏོགས་ཀྱི་ཁེ་ཕན་གཙོ་བོར་བཟུང་སྟེ་སྤྱི་པ་དང་ཐུན་མོང་གི་སྒྲིག་འཛུགས་རྩ་གཏོར་དུ་གཏོང་འདོད་ཀྱི་ཐལ་སྤྱོད་རིང་ལུགས་པའི་གནས་བབས་དང་ཡང་ཅུང་འདྲ།

མ་མཐའ་ཡང་དུག་གི་ས་བོན་བཏབས་ན་དུག་མ་གཏོགས་སྐྱེ་ཡ་མེད་པར་ལྟར་མ་འོངས་པར་འགལ་ཟླ་འདིའི་རིགས་གནད་དོན་གཞན་དག་དང་འགྲོགས་ནས་གྲངས་ཀ་ཇེ་མང་དང་། མངོན་གསལ་ཇེ་དོད། གཞི་རྒྱ་ཇེ་ཆེ། རྩོད་རྙོག་ཇེ་ཟབ་ཏུ་འགྲོ་ཉེན་ཆེ་ཞིང་། ཉིན་ཞིག་གོང་ས་མཆོག་ཞལ་མ་བཞུགས་པའི་དུས་སྐབས་ངན་པ་ཞིག་ཤར་ཚེ། དེ་སྔར་རྒྱ་དཔོན་ཀྲུའུ་ཝེན་ཆོན་གྱིས་རྩོམ་ཡིག་ཅིག་གི་ནང་དུ་“ཏྭ་ལའི་ཤོག་ཁག་མཐའ་མར་ཕམ་ཁ་དང་སྐྱོ་གདུང་ངང་མཇུག་བསྡུ་རྒྱུ་ལས་ལྷག་མེད་”ཅེས་ཧམ་བཤད་བྱས་མྱོང་པ་ལྟར། དོན་དངོས་སུ་ཡང་འདི་འདྲ་གཏན་ནས་ཆགས་མི་སྲིད་པ་ཞིག་མ་རེད། ཁྲིམས་དང་སྒྲིག་གཞི་ལ་ཡིད་ཆེས་དང་བརྩི་བཀུར་མེད་པའི་རྣམ་པ་ཞིག་འདི་ནས་མངོན་ཡོང་གི་ཡོད་དུས། གོང་ས་མཆོག་ལྟ་བུ་ཐམས་ཅད་གོང་བུ་གཅིག་ཏུ་སྒྲིལ་ཐུབ་མཁན་ཞིག་མེད་པ་ཡིན་ན། ཁྲིམས་དང་སྒྲིག་འཛུགས་ཐོག་ནས་ནུས་པ་ཐོན་ཐུབ་མེད་པ་ད་ཐེངས་ཀྱི་བྱ་སྤྱོད་འདི་ནས་གསལ་པོ་ཆགས་སོང་སྙམ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 624

Leave a Reply