སྤྱི་ཚོགས་ཀྱི་སྐྱོན་ཆ་གསལ་འདོན་བྱེད་སྐབས་ཕན་གནོད་ལ་ཡང་ལྕི་འདེགས་ཀྱི་ཡོད།

བོད་ཀྱི་གཏམ་བརྗོད་ཚན་པ་ནི་བཙན་བྱོལ་ནང་གཏམ་བརྗོད་ཚན་པ་གཅིག་པུ་དེ་ཡིན་པ་དང་། ད་བར་ལོ་དྲུག་ལྷག་གི་རིང་བོད་མིའི་གཞིས་སྒར་ཕལ་ཆེ་བར་གཏམ་བརྗོད་ཀྱི་ལམ་ནས་སྤྱི་ཚོགས་ཀྱི་སྐྱོན་ཆ་གསལ་འདོན་དང་། སྐད་ཡིག རིག་གཞུང། འཐབ་རྩོད། འཕྲོད་བསྟེན་སོགས་ཀྱི་ཐོག་ལ་གོ་རྟོགས་སྤེལ་བཞིན་ཡོད་ཁར། མི་མང་གིས་དགའ་མོས་བྱེད་ཀྱི་ཡོད་སྟབས། འདི་གའི་གསར་འགོད་པས་ཟླ་༧ པའི་ཚེས་༡༩ ཉིན་བོད་ཀྱི་གཏམ་བརྗོད་ཚན་པ་འགོ་འཛུགས་བྱེད་མཁན་དང་འགན་འཛིན་ལྷག་པ་ཚེ་རིང་ལ་བཅར་འདྲི་ཞིག་བྱས་པ་ཡིན། ཁོང་གིས་གཏམ་བརྗོད་འཁྲབ་སྟོན་བྱེད་ཀྱི་ཡོད་པ་མ་ཟད། འཁྲབ་གཞུང་ཡང་འབྲི་ཡི་ཡོད་པ་རེད།

དྲི་བ། ཁྱེད་རང་ངོ་སྤྲོད་ཅིག་བྱེད་རོགས།

ལན། ང་བོད་ལྷོ་ཁ་ལ་སྐྱེས་པ་དང་ཕྱི་ལོ་༡༩༩༢ ལོར་རྒྱ་གར་དུ་སླེབས། བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་མཐར་ཕྱིན་རྗེས། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་སེན་ཇོ་སེབ་(St. Joseph )མཐོ་སློབ་ནས་འབྱུང་རིག་གི་ཉེ་བའི་གཙུག་ལག་རབ་འབྱམས་དང་གཙུག་ལག་རབ་འབྱམས་སློབ་མཐར་ཕྱིན། དེ་རྗེས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ལོ་གསུམ་བྱས་རྗེས། ཕྱི་ལོ་༢༠༡༠ ལོར་བོད་ཀྱི་དང་བླངས་ཞབས་ཞུ་ཁང་གི་འགན་འཛིན་ལོ་གཅིག་བྱས་པ་རེད། ཕྱི་ལོ་༢༠༡༡ ལོར་བོད་ཀྱི་གཏམ་བརྗོད་ཚན་པ་འགོ་འཛུགས་བྱས་ཏེ་ད་བར་དེའི་འགན་འཛིན་ལ་ལས་ཀ་བྱེད་མུས་ཡིན།

དྲི་བ། བོད་ཀྱི་གཏམ་བརྗོད་ཚན་པ་འགོ་འཛུགས་བྱེད་པའི་བསམ་བློ་གང་འདྲ་སླེབས་ཡོད་དམ།

ལན། ང་རང་སྔར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཡིན་པའི་སྐབས་སུ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་སྡིངས་ཆ་མང་པོ་ཞིག་ལ་སྐད་ཆ་བཤད་པར་ཕྱིན། དེ་བཞིན་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐོག་དེབ་མང་པོ་བཀླགས་ཡིན། ངས་འཛམ་གླིང་གི་འཐབ་རྩོད་མང་པོ་ཞིག་ལ་བལྟས་དུས། གཏམ་བརྗོད་ཀྱི་ལམ་ནས་མི་རིགས་དང་སྐད་ཡིག རིག་གཞུང་སྲུང་སྐྱོབ། དེ་བཞིན་ཆིག་སྒྲིལ་གྱི་ནུས་སྟོབས་སྤེལ་བ། སྤྱི་ཚོགས་ཀྱི་ཞན་ཆ་གསལ་འདོན་བྱེད་པ་སོགས་འཐབ་རྩོད་ཀྱི་ནུས་པ་བཏོན་པ་འདུག དཔེར་ན་རྒྱ་གར་གྱི་རང་བཙན་འཐབ་རྩོད་དང་ཧྤ་རན་སིའི་གསར་བརྗེ་ཆེན་མོ་སོགས་ཀྱི་ནང་གཏམ་བརྗོད་ཀྱིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཀྱང་། བོད་ཀྱི་འཐབ་རྩོད་ནང་དུ་གཏམ་བརྗོད་ཀྱི་སྟོང་ཆ་ཆེན་པོ་ཞིག་འདུག་པས། ང་ལ་གཞོན་ལྷན་གྱི་རྒྱུན་ལས་ལས་ཡུན་མཇུག་བསྒྲིལ་རྗེས། བོད་ཀྱི་གཏམ་བརྗོད་ཚན་པ་ཞིག་བཙུགས་ནས། སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་དང་། སྤྱི་ཚོགས་ཀྱི་ཞན་ཆ་གསལ་འདོན་བྱས་པའི་ལེགས་པའི་ཁ་ཕྱོགས་སུ་བསྒྱུར་ནས་འདུན་པ་ཆེ་རུ་གཏོང་ཐབས། དེ་བཞིན་འཐབ་རྩོད་ཀྱི་ནུས་པ་གོང་འཕེལ་གཏོང་རྒྱུ་དང་གཞོན་སྐྱེས་རྣམས་ལ་ལས་ཀ་སྤྲོད་རྒྱུ། དམིགས་བསལ་གྱི་གཏམ་བརྗོད་ལམ་ནས་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་ཡོངས་ཐབས་སོགས་བྱེད་དགོས་པའི་བསམ་བློ་སླེབས་ནས། བོད་ཀྱི་གཏམ་བརྗོད་ཚན་པ་དེ་འགོ་འཛུགས་བྱས་པ་རེད།

དྲི་བ། བོད་ཀྱི་གཏམ་བརྗོད་ཚན་པའི་འགོ་འཛུགས་སྐབས་ཀྱི་གནས་སྟངས་དང་། ད་ལྟའི་ཆར་ཀྱི་གནས་སྟངས་སྐོར་ལབ་རོགས།

ལན། ཐོག་མར་ཕྱི་ལོ་༢༠༡༡ ལོའི་ཟླ་༧ པའི་ཚེས་༦ ཉིན་ང་ཚོས་གཏམ་བརྗོད་གསུམ་བྲིས་ནས། ངོ་ཤེས་རོགས་པ་༦ གིས་གཏམ་བརྗོད་དེ་དག་དང་བླངས་ཐོག་འཁྲབ་ནས་ཚན་པ་དེ་སྒོ་འབྱེད་བྱས་པ་རེད། སྐབས་དེར་འཁྲབ་སྟོན་པ་རྣམས་ལ་གླ་ཆ་ཕར་ཞོག ཟློས་གར་གྱི་ཚོགས་ཁང་གཡར་གླ་དེ་ཡང་མི་མང་གི་ཞལ་འདེབས་ཀྱིས་འདང་མི་འདང་རེད།

དེང་གི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དང་ཤེས་རིག་ལས་ཁུངས། དེ་བཞིན་ཕྱི་རྒྱལ་རོགས་ཚོགས་ཁག་ལ་ལས་འཆར་ཕུལ་ནས་དེའི་མ་དངུལ་རག་ཚེ། གཏམ་བརྗོད་འཁྲབ་སྟོན་བྱེད་དུ་འགྲོ་ཡི་ཡོད་པ་ལས། ཚོགས་པར་ལོ་རེའི་རྒྱུན་གྲོན་མ་དངུལ་སྤྲོད་མཁན་རོགས་ཚོགས་འཚོལ་གྱི་མེད།

དྲི་བ། གཏམ་བརྗོད་ཀྱི་འཁྲབ་གཞུང་ཚང་མ་རང་རྩོམ་ཡིན་ནམ། དེ་དག་གི་བརྗོད་བྱ་གཙོ་བོ་ག་རེ་ཡིན་ནམ།

ལན། འཁྲབ་གཞུང་ཚང་མ་ང་རང་གིས་བརྩམས་ཡིན། ད་བར་ངས་འཁྲབ་གཞུང་༣༨ ཙམ་བརྩམས་ཡོད། དེ་དག་ཚང་མའི་བརྗོད་བྱ་གཙོ་བོ་སྤྱི་ཚོགས་ལ་གཞིར་བཞག་ནས་བྲིས་པ་རེད། དེ་ཡང་སྤྱི་ཚོགས་ལ་རྟོག་ཞིབ་བྱས་ཏེ་དེའི་དགོས་མཁོ་དང་གླེང་སློང་། དེ་བཞིན་མི་མང་ལ་སློབ་གསོ་གང་འདྲ་ཐེབས་ཐུབ་པ་འདུག མི་མང་ལ་གནོད་སྐྱོན་ཡོང་སྲིད་པ་འདུག་གམ་མི་འདུག་སོགས་ཀྱི་བསམ་བློ་མང་པོ་བཏང་ནས་འབྲི་ཡི་ཡོད། དེ་བཞིན་འཁྲབ་གཞུང་ཁག་ཅིག་བོད་མིའི་སྒྲིག་འཛུགས་དང་རོགས་ཚོགས་ཀྱི་ལས་གཞི་ལ་དཔགས་པའི་འཁྲབ་གཞུང་བརྩམས་ཀྱི་ཡོད་པ་རེད། དཔེར་ན་སྐད་ཡིག་དང་ཀུན་སྤྱོད། དེ་བཞིན་འཕྲོད་བསྟེན་སོགས་ཀྱི་ཐོག་ལ་བྲིས་ནས་གཏམ་བརྗོད་དེ་དག་འཁྲབ་སྟོན་ཆེད་བོད་མིའི་གཞིས་སྒར་ཁག་ཏུ་སྐོར་སྐྱོད་ལ་འགྲོ་ཡི་ཡོད། སྐབས་རེ་ངས་བྲིས་པའི་འཁྲབ་གཞུང་དེ་དག་འཁྲབ་སྟོན་པ་རྣམས་དང་མཉམ་དུ་སྦྱོང་བརྡར་བྱེད་སྐབས། ཁོང་ཚོའི་སྤྱི་ཚོགས་ལ་མཐོང་སྣང་སོགས་ཀྱི་ཐོག་ནས་གྲོས་བསྡུར་བྱས་ཏེ་བརྗོད་བྱེད་ཀྱི་ཚིག་དང་ནང་དོན་སོགས་འགྱུར་བ་ཡང་གཏོང་གི་ཡོད།

དྲི་བ། སྐབས་རེ་ཁྱེད་རང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཅིག་གི་ལས་གཞི་དང་བསྟུན་ནས་འཁྲབ་གཞུང་བྲིས་ཏེ་འཁྲབ་སྟོན་བྱེད་ཀྱི་འདུག་པས། དེ་དག་ནང་འཁྲབ་གཞུང་གི་བརྗོད་བྱ་དང་རྗོད་བྱེད་སོགས་ལ་ལས་ཁུངས་དེ་དག་གིས་ཐེ་ཇུས་བྱེད་ཀྱི་འདུག་གམ།

ལན། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དང་ཤེས་རིག་ལས་ཁུངས་གཉིས་ཀྱི་ལས་གཞི་དང་འབྲེལ་བའི་འཁྲབ་གཞུང་བྲིས་ཏེ་མ་དཔེ་དེ་ལས་ཁུངས་ཁག་ལ་ཕུལ་གྱི་ཡོད་པ་རེད། མཚམས་རེར་ཁོང་ཚོས་འཁྲབ་གཞུང་གི་རྗོད་བྱེད་ཀྱི་ཚིག་ལྗིད་ཁོག་ཆེ་དྲག་པ་དང་རྩུབ་དྲག་པ་ཡོད་ཚེ་དེ་དག་འགྱུར་བ་གཏོང་དགོས་སྐོར་བརྗོད་ཀྱི་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་མ་མཐུན་པའི་ཐོག་ནས་ཚིག་ཁག་ཅིག་འགྱུར་བ་གཏོང་དགོས་པ་མཐོང་ཚེ་དེ་ཚོ་བརྗོད་པ་ལས། དམིགས་བསལ་ཐེ་ཇུས་བྱེད་ཀྱི་ཡོད་མ་རེད།

དྲི་བ། ད་བར་བོད་མིའི་གཞིས་སྒར་ག་ཚོད་ལ་འཁྲབ་སྟོན་བྱེད་དུ་ཕྱིན་ཡོད་དམ།

ལན། ད་བར་རྒྱ་གར་གྱི་དཀྱིལ་དུ་ཡོད་པའི་བོད་མིའི་གཞིས་སྒར་ཨོ་རི་ས། མན་སྤར་། བྷན་དྷ་ར། དེ་བཞིན་བྱང་ཤར་ཕྱོགས་ཀྱི་བསྟན་འཛིན་སྒང་། ཀྲུ་ཀྲེང་། མེའོ་གཞིས་ཆགས། དེ་བཞིན་ཁ་འཐོར་གཞིས་ཆགས་ཁོངས་ནས་ཌེ་མ་པུར་བཅས་ལ་སླེབས་ཐུབ་མེད། དེ་མིན་ཕལ་ཆེར་བོད་མིའི་གཞིས་སྒར་ཚང་མ་ལ་སྐྱོད་ཐུབ་པ་བྱུང་བ་རེད།

དྲི་བ། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་ག་ཚོད་ལ་གཏམ་བརྗོད་འཁྲབ་སྟོན་བྱས་ཡོད་དམ།

ལན། དེ་སྔོན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་བཞི་ལ་གཏམ་བརྗོད་འཁྲབ་སྟོན་བྱས་ཡོད་པ་དང་། ད་ལྟའི་ཆར་གཏམ་བརྗོད་གཅིག་འཁྲབ་སྟོན་བྱེད་མུས་ཡིན། དེ་བཞིན་ཤེས་རིག་ལས་ཁུངས་དང་འབྲེལ་ནས་ལས་གཞི་གཉིས་ལ་གཏམ་བརྗོད་འཁྲབ་སྟོན་བྱས་ཡོད་པས། ཁྱོན་བསྡོམས་བདུན་རེད།

དྲི་བ། གཏམ་བརྗོད་འཁྲབ་སྟོན་གྱི་སྐོར་སྐྱོད་ལ་འགྲོ་སྐབས་མི་མང་གི་རྣམ་འགྱུར་གང་འདྲ་འདུག་གམ།

ལན། ང་ཚོའི་སྤྱི་ཚོགས་ནང་དུ་སྔོན་མ་ནས་སློབ་གྲྭ་སོགས་ཀྱི་ནང་དུ་བོད་པ་དང་རྒྱ་མིའི་གཏམ་བརྗོད་མང་པོ་འཁྲབ་སྟོན་བྱེད་ཀྱི་ཡོད་པས། མི་མང་ནང་གཏམ་བརྗོད་ཟེར་དུས་བོད་དང་རྒྱ་ནག་གི་གཏམ་བརྗོད་ཀྱི་གོ་རྟོགས་མ་གཏོགས་མེད་དུས། ཐོག་མར་བོད་ཀྱི་གཏམ་བརྗོད་ཚན་པ་འགོ་འཛུགས་བྱས་རེད། ངས་གཏམ་བརྗོད་ཚན་པ་དེ་འཚར་བཞིན་པའི་བུ་ཕྲུག་ལྟ་བུའི་རྣམ་པ་གསར་པ་ཞིག་མཐོང་གི་ཡོད་པས། མི་མང་ལ་བསམ་བློའི་གོ་རྟོགས་དང་སློབ་གསོ་གང་འདྲ་སྤེལ་དགོས་པའི་ཐོག་ལ་སེམས་འཚབ་ཆེན་པོ་ཡོད། འོན་ཀྱང་གཏམ་བརྗོད་དངོས་སུ་འཁྲབ་སྟོན་བྱེད་འགོ་བཙུགས་དུས། མི་མང་ནང་ལ་གཏམ་བརྗོད་ལ་དགའ་མོས་ཀྱི་ཐོག་ནས་ཡག་པོ་ཡོད་སྐོར་བརྗོད་མཁན་མང་པོ་འདུག་པ་དང་། ད་བར་ང་ཚོར་ཞལ་འདེབས་སོགས་གནང་ནས་ཚན་པ་དེ་འཚོ་ཐུབ་པ་ཡང་མི་མང་གི་མཐུན་སྦྱོར་དང་དགའ་མོས་ལ་རག་ལས་ཡོད་པ་རེད།

དྲི་བ། ཁྱེད་རང་ཚོའི་གཏམ་བརྗོད་ནང་དུ་སྤྱི་ཚོགས་ཀྱི་སྐྱོན་ཆ་མང་པོ་ཞིག་གསལ་འདོན་བྱེད་ཀྱི་ཡོད་པས། དེ་དག་གིས་སྒེར་རམ་མི་མང་ཚོགས་སྡེ་ཁག་ཅིག་ལ་འཕོག་སྲིད་པ་རེད་དམ། ད་བར་ཁྱེད་རང་ཚོར་ཁ་ཐུག་ནས་སྐྱོན་བརྗོད་དཀའ་ངལ་རིགས་བྱུང་སོང་ངམ།

ལན། སྤྱིར་བཏང་ང་ཚོས་གཏམ་བརྗོད་འབྲི་སྐབས་སྤྱི་ཚོགས་ཀྱི་སྐྱོན་གང་ཞིག་གསལ་འདོན་བྱས་ན། དེ་ལ་ཕན་དང་གནོད་ཀྱི་ཡང་ལྗིད་ལ་བལྟས་ནས་བསམ་བློ་མང་པོ་གཏོང་གི་ཡོད་པས། ད་བར་ཐད་ཀར་ང་ཚོར་སྐྱོན་བརྗོད་དང་སྡིགས་ར་སྐུལ་མཁན་མ་བྱུང་ཡང་། དེ་སྔོན་ལ་དྭགས་ཕྱོགས་སུ་གཏམ་བརྗོད་འཁྲབ་སྟོན་བྱེད་སྐབས། འཁྲབ་གཞུང་ཞིག་ནང་དེང་སང་རིན་པོ་ཆེ་དང་སྤྲུལ་སྐུ་ཁག་ཅིག་རྐུན་མ་དཀར་པོ་ཡིན་སྐོར་ཡོད་པས། ཁུལ་དེའི་མི་མང་ཁག་ཅིག་གིས་ནང་ཁུལ་དུ་ང་ཚོས་རིན་པོ་ཆེ་དང་སྤྲུལ་སྐུར་འཕྱ་སྨོད་བྱས་སོང་བས། ཆོས་སྡུག་པ་བསྟེན་མཁན་རེད་ཟེར་མཁན་བྱུང་ཡོད་སྐོར་ང་ཚོར་རོགས་པ་ཁག་ཅིག་གིས་ལན་སྤྲད་སོང་།

དྲི་བ། ཁྱེད་རང་གིས་གཏམ་བརྗོད་འབྲི་དུས་སྤྱི་ཚོགས་ཀྱི་སྐྱོན་ཆ་ཞིག་གསལ་འདོན་བྱེད་སྐབས། དེའི་ཕན་གནོད་ཀྱི་ཡང་ལྕི་གང་འདྲ་བྱས་ནས་ཐག་གཅོད་བྱེད་ཀྱི་ཡོད་དམ།

ལན། ངས་གཏམ་བརྗོད་འབྲི་དུས་སྤྱི་ཚོགས་ཀྱི་སྐྱོན་ཆ་གསལ་འདོན་བྱེད་པ་དེས་སྤྱི་ཚོགས་ལ་ཕན་ཆེ་བ་འདུག་གམ་གནོད་ཆེ་བ་འདུག་གི་ཐོག་ཉམས་ཞིབ་མང་པོ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་གཅིག་ལ་ཕན་གྱི་ཡོད་ན་གཅིག་ལ་གནོད་ཀྱི་ཡོད་པ་རང་བཞིན་རེད། དེ་ཡང་ང་ཚོས་ཁ་ལག་ཅིག་ཟོས་ན་དབང་པོ་ཁག་ཅིག་ལ་ཕན་ན་ཁག་ཅིག་ལ་གནོད་ཀྱི་ཡོད་པ་རང་བཞིན་ཡིན་པས། སྐྱོན་ཆ་གསལ་འདོན་དེས་སྤྱི་ཚོགས་ལ་གནོད་ལས་ཕན་ཆེ་བ་ཡོད་ན་གཏམ་བརྗོད་ནང་སྐྱོན་ཆ་དེ་གསལ་འདོན་བྱེད་ཀྱི་ཡོད།

དྲི་བ། འཁྲབ་སྟོན་པ་རྣམས་འདེམས་སྒྲུག་གང་འདྲ་བྱེད་ཀྱི་ཡོད་དམ།

ལན། ང་ཚོར་འཁྲབ་སྟོན་པ་གསོ་སྐྱོང་བྱས་ཏེ་ཟླ་རེའི་གླ་ཆ་སྤྲོད་པའི་གནས་བབ་མེད་ལ། ངས་བོད་ཀྱི་གཏམ་བརྗོད་ཚན་པ་དེ་འགོ་འཛུགས་བྱེད་སྐབས་ཚན་པ་དེ་མི་མང་དང་སྤྱི་ཚོགས་ཀྱི་ཚན་པ་ཞིག་ཡིན་པས། སྒྱུ་རྩལ་ལ་དགའ་མཁན་སུ་ལ་གཏམ་བརྗོད་འཁྲབ་སྟོན་བྱེད་འདོད་ཡོད་ཚེ་དགའ་བསུ་ཡོད་ཞུས་པ་ཡིན། དེ་མཚུངས་ང་ཚོ་ལ་ལས་གཞི་ཞིག་རག་སྐབས། སྔར་འཁྲབ་སྟོན་པ་རྙིང་པ་རྣམས་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ས་མིག་ཡོད་ཚེ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་གསལ་བསྒྲགས་བྱས་ཏེ་འདེམས་སྒྲུག་བྱེད་ཀྱི་ཡོད།

དྲི་བ། བོད་ཀྱི་གཏམ་བརྗོད་ཚན་པ་འགོ་བཙུགས་ནས་ལོ་དྲུག་ལས་མང་བ་ཕྱིན་འདུག་པས། དེའི་རིང་ཉམས་མྱོང་བཟང་ངན་ག་རེ་བསགས་སོང་།

ལན། གཏམ་བརྗོད་འཁྲབ་སྟོན་བྱེད་དུ་འགྲོ་སྐབས་བོད་པའི་སྤྱི་ཚོགས་མང་པོ་ཞིག་ལ་འགྲོ་རྒྱུ་བྱུང་བས། སྤྱི་ཚོགས་ཀྱི་གོ་རྟོགས་ཆེ་རུ་གཏོང་རྒྱུའི་གོ་སྐབས་བྱུང་། དེ་བཞིན་བོད་པའི་སྤྱི་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་ཉམས་མྱོང་བསགས་པ་དེ་ཡག་པོ་བྱུང་། ཉམས་མྱོང་སྡུག་བ་ཕྱོགས་ནས་བཤད་ན། གཏམ་བརྗོད་ཚན་པ་ཐོག་མར་འགོ་འཛུགས་བྱས་དུས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་ཐེངས་མང་པོར་ལས་འཆར་ཞུས་ཡོད་ཀྱང་ཐུགས་སྣང་མ་བྱས་པ་ཐེངས་མང་པོ་བྱུང་ཡོད་པས། སྐབས་དེར་ང་རང་སྒྱུ་རྩལ་པ་ཞིག་གི་ངོས་ནས་གཏམ་བརྗོད་དེར་རིན་ཐང་ཆེན་པོ་བརྩི་ཡི་ཡོད་ཀྱང་། འཛིན་སྐྱོང་ནས་ཐུགས་སྣང་མ་བྱས་དུས་བློ་ཕམ་པོ་ཞེ་དྲག་བྱུང་། རྗེས་སུ་ང་ཚོས་སྤྱི་ཚོགས་ནང་འཁྲབ་སྟོན་མང་པོ་བྱས་དུས་ཡག་པོ་འདུག་ལབ་ནས། འཕྲོད་བསྟེན་ལས་ཁུངས་ནས་འགོ་འཛུགས་ཀྱིས་ལས་འཆར་གནང་འགོ་བཙུགས་ནས་ད་ལྟའི་ཆར་ཐུགས་སྣང་ཏོག་ཙམ་གནང་གི་ཡོད་པ་རེད་དེ། ད་དུང་ཡང་གཏམ་བརྗོད་ཀྱི་ལམ་ནས་སྤྱི་ཚོགས་ལ་གོ་རྟོགས་དང་ཤུགས་རྐྱེན་གང་འདྲ་སྤྲོད་ཐུབ་ཀྱི་ཡོད་པའི་ཐོག་གོ་རྟོགས་ཞན་པོ་འདུག

དྲི་བ། བོད་ཀྱི་གཏམ་བརྗོད་ཚན་པ་དེར་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་དང་མི་འདྲ་བར། ལོ་རེའི་མ་དངུལ་གནང་མཁན་གཏན་འཇགས་མེད་པའི་གནས་སྟངས་དེར་མ་འོངས་པར་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཡོད་དམ།

ལན། དེ་འདྲ་མེད། གང་ཡིན་ཟེར་ན་ཚན་པ་དེ་ཐོག་མར་ནས་སྤྱི་ཚོགས་ཀྱི་ཚན་པ་ཡིན་ཞེས་ཞུ་ས་ཡོད། ང་ཚོར་དེབ་སྐྱེལ་གྱིས་དང་རོགས་པ་བྱེད་ཀྱི་ཡིན་ལབ་མཁན་མང་པོ་བྱུང་སོང་ཡང་། ཚོགས་པ་བཙུགས་ནས་དེབ་སྐྱེལ་བྱས། དེ་ནས་མ་དངུལ་གནང་མཁན་གཏན་འཇགས་ཞིག་འཚོལ་རྒྱུ་ལས་དེ་མཇུག་སྐྱོང་རྒྱུ་གལ་ཆེ་བ་མཐོང་གི་ཡོད། ང་ཚོས་ད་བར་ལས་གཞི་རག་ན་འཁྲབ་སྟོན་བྱས་ནས་སླེབས་ཡོད་པ་དང་། མ་འོངས་པར་མུ་མཐུད་མ་ཐུབ་ན་ང་རང་ལ་མ་གཏོགས་རོགས་ཚོགས་སོགས་སུ་གང་ལ་དོ་ཕོགས་འགྲོ་ཡི་མེད་པས། གནས་སྟངས་དེའི་ཐོག་མུ་མཐུད་གང་ཡོང་ཐོག་འགྲོ་རྒྱུ་ཡིན།

དྲི་བ། ཁྱེད་རང་གཏམ་བརྗོད་འཁྲབ་སྟོན་པ་དང་འཁྲབ་གཞུང་རྩོམ་རྩོམ་གྱི་ཡོད་པས། ཁྱེད་རང་གི་སྤྱི་ཚོགས་ལ་འགན་འཁུར་ཆེ་ཤོས་གང་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་དམ།

ལན། ང་རང་གིས་གཏམ་བརྗོད་ཀྱི་འཁྲབ་གཞུང་འབྲི་སྐབས་སྤྱི་ཚོགས་ཀྱི་སྐྱོན་ཆ་གསལ་འདོན་ཙམ་མ་ཡིན་པར། རང་ཉིད་ཀྱང་ཚུལ་དང་མཐུན་པའི་ཐོག་ནས་སྡོད་དགོས་རྒྱུ་དང་། དེ་བཞིན་འཁྲབ་གཞུང་ཞིག་འབྲི་དུས་སྐབས་བབ་ཀྱི་གནད་དོན་ལ་གཞིགས་པའི་དྲང་པོ་དྲང་བཞག་བྱ་རྒྱུ་དེ་འགན་འཁུར་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ། ཁྱེད་རང་གིས་བསམ་ཚུལ་གཞན་ལབ་འདོད་ཡོད་དམ།

ལན། ང་ཚོ་གཏམ་བརྗོད་ཚན་པའི་ངོས་ནས་འཁྲབ་སྟོན་སྐབས་བོད་སྐད་མ་གཏོགས་མི་བཤད་རྒྱུའི་ཁྲིམས་བཟོས་ཡོད་པ་ལྟར་བྱེད་མུས་ཡིན། དེ་བཞིན་བོད་ནང་དང་ཉེ་བའི་ཆར་བོད་པའི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་དང་བོད་ཀྱི་སྐད་ཡིག་སྦྱོང་དགོས་པར་འབོད་སྐུལ་གྱི་རང་སྲེག་གནང་ཡོད་པས། བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག དེ་བཞིན་མི་མང་རྣམས་ཀྱིས་འགན་འཁུར་ཆེན་པོ་བཞེས་དགོས་པ་མཐོང་གི་འདུག ང་ཚོའི་འཐབ་རྩོད་ནང་རང་བཙན་དང་དབུ་མའི་ལམ་གྱི་བར་ལབ་གླེང་བྱས་ནས་བསྡད་པ་ལས། འཐབ་རྩོད་དེ་ག་རེའི་ཆེད་དུ་བྱེད་ཀྱི་ཡོད་པ་དྲན་པ་བརྗེད་ཀྱི་ཡོད་པའི་ཚོར་སྣང་བྱུང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ་ཀྱིས་བཅར་འདྲི་བྱས།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||