སྨད་འཚོང་མ་ཉོ་ཚོང་བྱས་རྐྱེན་བོད་མི་གཉིས་འཇུ་བཟུང་བྱས་འདུག

ཨ་རིར་གནས་སྡོད་བོད་མི་གཉིས་ཀྱིས་ཁྲིམས་འགལ་ཐོག་ནས་སྨད་འཚོང་མ་ཉོ་ཚོང་གི་ལས་ཀ་བྱས་རྐྱེན། ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

ཟླ་༧ པའི་ཚེས་༡༡ ཉིན་ཨ་རིའི་བརྒྱུད་ལམ་ཧྥོག་སེ་ཐོག་ཏུ་གནས་ཚུལ་སྤེལ་གསལ། རང་ལོ་༣༦ ཡིན་པ་བསོད་ནམས་ཚེ་རིང་དང་། རང་ལོ་༤༡ ཡིན་མཁན་པ་བཀྲ་ཤིས་མཐར་ཕྱིན་(ZHAXI TAXING)གཉིས་ཀྱིས། ཨ་རིའི་མངའ་སྡེ་མི་ནི་སོ་ཀྲའི་གྲོང་ཁྱེར་ཨེ་ཌེ་ན་དང་རི་ཆེ་ཧྥེལ་ཌེ་བཅས་ལ། རྒྱ་ནག་ནས་བུད་མེད་ཁྲིད་དེ་སྨད་འཚོང་མའི་ལས་ཀ་ཁྲིམས་འགལ་གྱི་ཐོག་ནས་བྱས་རྐྱེན། ཉེན་རྟོག་པས་འཇུ་བཟུང་བྱས་ནས། གཉིས་ཀར་ལ་ཁྲིམས་འགལ་ཐོག་ནས་སྨད་འཚོང་མ་ཉོ་འཚོང་གི་ལས་ཀ་བྱས་པའི་ཉེས་འཛུགས་དང་། དེ་བཞིན་བསོད་ནམས་ཚེ་རིང་ལ་མི་གཅིག་ལ་སྨད་འཚོང་གི་ལས་ལ་འཇུག་ཆེད་མཐུན་སྦྱོར་བྱས་ཏེ་དེ་ལས་ཁེ་བཟང་བླངས་པའི་ཉེས་འཛུགས་ཀྱང་བྱས་འདུག
ལོ་སྔོན་མའི་ཟླ་༡༡ ནང་ཉེན་རྟོག་པས་ཐོག་མར་དྲ་རྒྱ་ཞིག་ཐོག་ལ་ཨེ་ཤི་ཡའི་བུད་མེད་ཀྱི་སྨད་འཚོང་གསལ་བསྒྲགས་ཤིག་མཐོང་ནས་ཁྲིམས་འགལ་གྱི་ལས་ཀ་དེའི་སྐོར་ཤེས་རྟོགས་བྱུང་རྗེས། དེར་ཡོད་པའི་ཁ་པར་ཨང་གྲངས་ལ་འབྲེལ་བ་བྱས་པས། ཁ་པར་ལེན་མཁན་དེས་ཨེ་ཌེ་ན་གྲོང་ཁྱེར་དུ་ཡོད་པའི་སྨད་འཚོང་གི་གནོད་འཚེ་འཕོག་ཡུལ་བུད་མེད་དེའི་ཁ་བྱང་སྤྲད་ཡོད་འདུག ཉེན་རྟོག་པས་ཁ་བྱང་ཡོད་ས་དེར་འགྲོ་སྐབས་བུད་མེད་ཞིག་དང་ཐུག་པས། ཉེན་རྟོག་པས་ཁོང་གི་ལས་ཀའི་ངོ་བོ་འགྲེལ་བཤད་བརྒྱབ་རྗེས། སྐད་སྒྱུར་བ་ཞིག་བརྒྱུད་ནས་བུད་མེད་དེར་འདྲི་གཏུག་བྱས། བུད་མེད་དེས་རང་ཉིད་རྒྱ་ནག་ནས་ནིའུ་ཡོག་ཏུ་སླེབས་པ་དང་། དེ་རྗེས་ས་གནས་དེ་གར་སྨད་འཚོང་མའི་ལས་ཀ་བྱེད་ཆེད་འཁྲིད་པ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

ཉེན་རྟོག་པས་ཁྲིམས་འགལ་གྱི་ལས་ཀ་དེར་འཇུག་མཁན་དོགས་ཡོད་མི་སྣ་གཙོ་བོ་བཀྲ་ཤིས་མཐར་ཕྱིན་ངོས་འཛིན་བྱས་རྗེས། ཁོས་གྲོང་ཁྱེར་ཨི་ཌི་ན་ལ་ཡོད་པའི་ཁང་པ་ཞིག་གི་ཅ་དངོས་རྣམས་གྲོང་ཁྱེར་རི་ཆེ་ཧྥེལ་ཌེ་ལ་ཡོད་པའི་ཁང་པ་ཞིག་ནང་འོར་འདྲེན་བྱེད་བཞིན་པ་མཐོང་བ་དང་། ཉེན་རྟོག་པས་ཁང་པ་དེའི་ནང་མི་མང་པོ་ཞིག་ཡར་མར་འགྲོ་ཡི་ཡོད་ཀྱང་། དུས་ཚོད་ཏོག་ཙམ་ལས་སྡོད་ཀྱི་མེད་པ་དོ་སྣང་བྱུང་ཡོད་འདུག དེ་རྗེས་འདི་ལོའི་ཟླ་༡ པོའི་ནང་ཉེན་རྟོག་པས་དེ་སྔོན་གྱི་དྲ་རྒྱའི་ཐོག་ལ་སྨད་འཚོང་གི་གསལ་བསྒྲགས་ཤིག་ལ་འབྲེལ་བ་བྱས་པས། དེ་སྔོན་བཀྲ་ཤིས་ཀྱིས་ཅ་དངོས་འོར་འདྲེན་བྱེད་ཡུལ་གྱི་ཁང་པ་དེའི་ཁ་བྱང་རག་ཡོད་འདུག དེ་གར་བུད་མེད་ཞིག་ཐུག་པ་དང་མོས་རང་ཉིད་སྨད་འཚོང་གི་ལས་ལ་འཇུག་གི་ཡོད་པ་དང་། མོ་དང་མཉམ་དུ་བསོད་ནམས་ཚེ་རིང་སྡོད་ཀྱི་ཡོད་ཁར། མོ་ལ་སྨད་འཚོང་ལས་རག་པའི་དངུལ་རྣམས་ཁོ་ལ་སྤྲད་རྗེས། ཁོས་དངུལ་དེ་ཁྲིམས་འགལ་གྱི་སྨད་འཚོང་ལ་འཇུག་མཁན་གྱི་ཚོགས་པའི་མི་གཞན་ཞིག་སྤྲོད་དགོས་པ་ཡིན་སྐོར་བརྗོད་ཡོད་འདུག

ཁོ་གཉིས་ཀྱི་དངུལ་ཁང་ཨང་གྲངས་ཀྱི་ཟིན་ཐོ་ལ་གཞིགས་ན། ཟླ་བ་༥ ལས་ཉུང་བའི་ནང་བཀྲ་ཤིས་ཀྱིས་ཨ་སྒོར་༥༢༠༠༠ ལས་མང་བ་ནང་འཇུག་བྱས་ཡོད་པ་དང་། ཚེ་རིང་གིས་ཨ་སྒོར་༡༩༠༠༠ ལས་མང་བ་ནང་འཇུག་བྱས་ཡོད་འདུག
མངའ་སྡེ་དེའི་ཧི་ནི་པེན་རྫོང་གི་ཁྲིམས་རྩོད་པ་མེཀ་ཧྥེ་རི་མེན་གྱིས། ཁྲིམས་འགལ་གྱི་ཚོང་ལས་དེ་ནི་གོ་རིམ་ལྡན་པ་ཞིག་ཡིན་པ་དང་། ཨ་རིའི་རྒྱལ་ནང་དུ་ཁྱབ་ཡོད་པ། དེ་བཞིན་བུད་མེད་དེ་དག་ནི་ཁྲིམས་འགལ་གྱི་སྨད་འཚོང་མ་ཉོ་ཚོང་བྱེད་མཁན་ཚོའི་གནོད་འཚེ་ཕོག་ཡུལ་ཡིན་པ་དང་། ཁོ་ཚོས་རྫོང་དེའི་ནང་ཁྲིམས་འགལ་གྱི་ཚོང་ལས་དེ་རིགས་མེད་པ་བྱེད་ཆེད་ནུས་པ་ཡོད་ཚད་འདོན་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
འཇུ་བཟུང་བྱས་པའི་མི་གཉིས་པོ་དེ་བོད་མི་ཡིན་པ་མི་ནི་སོ་ཀྲར་གནས་སྡོདབོད་མི་ཞིག་གིས་འགྲེལ་བརྗོད་བྱས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook20Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 791

Leave a Reply