སྨོན་ལམ་བརྒྱབ་ནས་ཉོན་མོངས་སེལ་རྒྱུ་ཡོད་མ་རེད།

“ཤེས་རབ་རྣམ་པར་འཕེལ་བའི་ཐོག་ནས་ཉོན་མོངས་སེལ་དགོས་པ་ལས་དུག་གསུམ་ཉོན་མོངས་སེལ་བར་ཤོག་ཅེས་སྨོན་ལམ་བརྒྱ་སྟོང་ཁྲི་འབུམ་བརྒྱབ་ནས་སེལ་བ་ཡོང་གི་མ་རེད་”ཅེས་༧གོང་ས་མཆོག་གིས་གསུངས་སོང་།

img_0279དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༣ ནས་ ༦ བར་ཉིན་བཞིའི་རིང་ལ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་གོ་སྒྲིག་འོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་གསུང་ཆོས་དབུ་འཛུགས་གནང་སོང་། ད་ཐེངས་ཀྱི་གསུང་ཆོས་ནང་ཐའེ་ཝན་ནས་ཕེབས་པའི་ཆོས་ཞུ་བ་སེར་སྐྱ་ཕོ་མོ་༡,༡༠༠ ལྷག་དང་། དེ་བཞིན་བོད་ནས་གསར་དུ་ཕེབས་པ། ཕྱི་རྒྱལ་ཡུལ་གྲུ་ཁག་དང་། གནས་ཡུལ་རྒྱ་གར། རྒྱ་ནག གཞན་རྒྱ་གར་གྱི་ཕྱོགས་མཐའ་ཁག་ན་གནས་པའི་བོད་རིགས་སེར་སྐྱ་མི་མང་བཅས་ཆོས་ཞུ་བ་ཧ་ཅང་མང་པོ་འཛོམས་འདུག་ལ། གསུང་སྒྱུར་བ་ཚོས་དབྱིན་སྐད་དང་། རྒྱ་སྐད། རྒྱ་གར་སྐད། ཨུ་རུ་སུ། ཀོ་རི་ཡ། ཝེ་ཏི་ནམ་བཅས་སུ་སྐད་སྒྱུར་བྱེད་བཞིན་འདུག

དེ་ཡང་ཐོག་མར་༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་བཤད་ནང་། གསུང་ཆོས་གོ་སྒྲིག་པ་དང་འཛམ་གླིང་ཡུལ་གྲུ་ཁག་ནས་དད་ལྡན་མི་མང་ཚོས་དཀའ་ངལ་ཁྱད་བསད་ཐོག་འགྲོ་སོང་ཆེན་པོ་བཏང་ནས་ཆོས་ཞུ་རུ་ཕེབས་པར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་གསུང་དོན་དུ། སྟོན་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་མཁན་ནང་ནས། ཐའེ་ལན་ཌི་དང་། འབར་མ། སིང་གྷ་ལ།(ཤྲི་ལང་ཀ) ཀམ་བྷོ་ཊི་ཡ། ལ་འོ་བཅས་ནི་པ་ལིའི་ཆོས་བརྒྱུད་འཛིན་མཁན་དང་། དེ་དག་དགེ་ཕྲུག་རྒན་ཤོས་ཡིན་པ་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ནང་ནས་རྒྱ་མི་རིགས་དགེ་ཕྲུག་རྒན་པ་དང་། བོད་དང་སོག་པོ་སོགས་དགེ་ཕྲུག་གཞོན་པ་ཡིན་པ། དེ་བཞིན་སྤྱི་ཡོངས་ནས་རྒྱ་མི་རིགས་དེ་ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པ་བཅས་སོགས་གསུངས་སོང་།

img_0316དེ་བཞིན་ཁོང་གིས་མུ་མཐུད་གསུངས་དོན་དུ། “མཁན་ཆེན་ཞི་བ་འཚོ་ཚད་མ་དང་ལྟ་གྲུབ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་དུས། ལྟ་གྲུབ་གཏན་ལ་འབེབས་དུས་གཙོ་བོ་རིགས་པའི་ལམ་ནས་གཏན་ལ་ཕབ་པ་བཞིན། བོད་ནང་དུ་ཡང་དེ་ལྟར་བྱུང་ནས་ས་པཎ་གྱིས་མཛད་པའི་ཚད་མ་རིག་གཏེར་གྱིས་མཚོན་པའི་བོད་ནང་དུ་ཚད་མའི་གཞུང་མཛད་མཁན་མང་པོ་བྱུང་ཡོད་པ་དང་། བཀའ་བསྟན་གཉིས་པོད་༣༠༠ ཙམ་ཡོད་པ་དེའི་དགོངས་འགྲེལ་དུ་བོད་ཀྱི་མཁས་པ་ཚོས་པོ་ཏི་༢༠,༠༠༠ ཙམ་བརྩམས་ཡོད་པས་དེ་གཙོ་བོ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་རེད།” ཅེས་སོགས་གསུངས་སོང་།

ཡང་ཁོང་གིས་གསུང་ཆོས་དངོས་གཞི་དང་འབྲེལ་ནས་གསུང་དོན་དུ། “ད་རེས་ཀྱི་ཆོས་བཤད་རྒྱུའི་སྙིང་པོ་དེ། ནམ་རྒྱུན་ནས་རྒྱ་རིགས་མཁས་པ་ཚོས་དུག་གསུམ་ཉོན་མོངས་སེལ་བར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད་པ་དེ་རེད། ཉོན་མོངས་པའི་བློ་སྐྱེ་ན་དེ་རྒྱུད་ལྡན་གྱི་གང་ཟག་དེའི་སེམས་མ་སྐྱིད་པ་བཟོ་ཡི་ཡོད་རེད། དེ་སེལ་ཐབས་སུ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཡིད་སུན་ནས་འདོད་པའི་བདེ་བ་རྐྱང་རྐྱང་གཉེན་པོ་བསྟེན་བསྡད་པ་མ་ཡིན་པར། ཁམས་གསུམ་གྱི་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་དེའི་གཉེན་པོ་རུ། དུག་གསུམ་ཉོན་མོངས་སེལ་བར་ཤོག་བསམ་དགོས་རེད། དུག་གསུམ་ཉོན་མོངས་སེལ་བར་ཤོག་ཅེས་སྨོན་ལམ་བརྒྱ་སྟོང་ཁྲི་འབུམ་བརྒྱབ་ནས་སེལ་བ་དེ་འདྲ་ཡོང་གི་མ་རེད། འོ་ན། ག་འདྲ་སེལ་དགོས་རེད་ཟེར་ན། ཤེས་རབ་རྣམ་པར་འཕེལ་བའི་ཐོག་ནས་སེལ་དགོས་རེད། ཡང་ཕྱོགས་གཅིག་ནས་དུག་གསུམ་གྱི་ཉེས་དམིགས་ཤེས་པའི་ཤེས་རབ་ཀྱིས་ཕན་ཐོགས་ཡོད་རེད། རེད་དེ། གཙོ་བོ་དེ་དུག་གསུམ་གྱི་རྩ་བ་མ་རིག་པ་ལ་ཐུག་ཡོད་རེད། དེ་ལ་ཡང་། རྨོངས་ཙམ་གྱི་མ་རིག་པ་དང་། ཕྱིན་ཅི་ལོག་གི་མ་རིག་པ་གཉིས་ཡོད་པ་ལས་ཕྱི་མ་དེ་གཙོ་བོ་ཆགས་ཀྱི་ཡོད་རྐྱེན། དེ་སེལ་བར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཤེས་པའི་སྒོ་ནས་སེལ་དགོས་རེད།” ཅེས་གསུངས་སོང་།

ཡང་ཁོང་གིས་ཆོས་ལུགས་ལ་བརྟེན་ནས་ཞི་བདེ་ཡོང་དགོས་པ་ལས། ཆོས་ལུགས་རྐྱེན་དུ་སོང་ནས། འཁྲུག་རྩོད་བྱུང་ན་དེ་སྨན་དུག་ཏུ་སོང་ཚུལ་སོགས་ཀྱི་བཀའ་སློབ་ཀྱང་གསུངས་སོང་།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 79

Leave a Reply