སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་༥ པ།

བརྡ་ཆད་ཀྱི་བྱེ་བྲག་ཆོས་བརྒྱུད་ཁག་གི་ཐ་སྙད་ལ་མཚོན་ན་ཆོས་བརྒྱུད་སོ་སོའི་ཐ་སྙད་དེ་ཆོས་བརྒྱུད་དེ་ག་རང་གིས་འགྲེལ་བཤད་བརྒྱབས་ནས་ཡག་པོ་ཞིག་མ་བྱུང་ན། འཛམ་གླིང་འདིར་ཐ་སྙད་དེ་ལ་འགྲེལ་བཤད་ཡག་པོ་རྒྱག་ཐུབ་མཁན་ཁག་པོ་ཆགས་ཡོད་རེད་ཅེས་དགེ་བཤེས་སྨོན་ལམ་གྱིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་སྔ་དྲོར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་༥ པ་དེ་འགོ་འཛུགས་བྱས་ཡོད་པ་དང་། དེར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་གྱི་སྐུ་ཚབ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ། སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་། གཞན་ཡང་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་པ་རྣམ་པ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་རྣམས་མཉམ་ཞུགས་བྱས་ཡོད་པ་རེད།

ད་ཐེངས་ཀྱི་ཉིན་༢ རིང་གི་ཚོགས་འདུའི་ནང་སྨོན་ལམ་ཚིག་མཛོད་ཀྱི་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་གིས་ཚིག་མཛོད་ཀྱི་རྩ་སྒྲོམ་ལས་བརྡ་ཆད་ཀྱི་ཚད་གཞིའི་སྐོར་ལ་ཟབ་སྦྱོང་དང་། ཚིག་མཛོད་རིག་པའི་སྤྱི་སྒྲོམ་ངོ་སྤྲོད་བྱ་རྒྱུ་རེད་འདུག་ལ། དགེ་བཤེས་བློ་བཟང་སྨོན་ལམ་གྱིས་ཚིག་མཛོད་དང་འབྲེལ་བའི་དམིགས་ཡུལ་དང་ཁྱབ་ཚད། གནས་སྟངས་སོགས་ངོ་སྤྲོད་དང་། གཞན་ཡང་དགོན་སྡེ་ཁག་ནས་ཕེབས་པའི་རྩོམ་སྒྲིག་སྡེ་ཚན་གྱི་སྐུ་ཚབ་ཚོས་ཚིག་མཛོད་དང་འབྲེལ་བའི་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་བྱ་རྒྱུ་རེད་འདུག

མཛད་སྒོའི་ཐོག་དགེ་བཤེས་བློ་བཟང་སྨོན་ལམ་གྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ད་ལྟའི་གནས་སྟངས་དང་འབྲེལ་ནས་གསུངས་དོན་དུ། “ང་ཚོས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་འགོ་བཙུགས་ནས་ལོ་༥ ཙམ་ཕྱིན་ཟིན་པ་རེད། རྩ་བའི་ལས་གཞི་དེ་ལོ་དགུའི་ལས་གཞི་ཞིག་རེད། དེའི་རྩ་བའི་མཐུན་རྐྱེན་དེ་དགའ་ལྡན་ཕོ་བྲང་ནས་མར་གནང་གི་ཡོད་རེད། དེའི་ཁར་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་བླ་ཆེན་རྣམ་པ་དང་། འགན་འཁུར་བ་རྣམ་པ་ཚོར་ང་ཚོས་ལས་གཞི་འདི་འདྲ་ཞིག་སྤེལ་གྱི་ཡོད། དེའི་ནང་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ལ་བརྟེན་ནས། ཚང་མས་རྒྱབ་སྐྱོར་གནང་ནས་ད་ལྟ་རྩོམ་སྒྲིག་གི་སྡེ་ཚན་མང་པོ་འདི་འདྲ་བཙུགས་ཐུབ་པ་བྱུང་བ་རེད། ད་ལྟ་བར་དུ་ང་ཚོར་རྩོམ་སྒྲིག་ཚོགས་ཆུང་ཁག་༣༣ དང་། བོད་ནང་ལ་ཡང་ཁག་༥། རྩོམ་སྒྲིག་པ་མི་༡༥༣ དང་འབྲེལ་བ་བྱས་ནས་ལས་ཀ་བྱེད་ཀྱི་ཡོད་པ་དེ་ད་ལྟའི་གནས་སྟངས་རེད། འདས་པའི་ལོ་ལྔའི་རིང་ལ་ང་ཚོས་ལོ་༣ རེའི་ཚིག་མཛོད་ཆེན་མོའི་ལས་ཀའི་གྲུབ་འབྲས་དེ་སྤྱི་ཚོགས་ནང་མར་འགྲེམས་རྒྱུའི་འཆར་གཞི་བསྒྲིགས་པ་གཞིར་བཟུང་ཐེངས་དང་པོ་དེ་བཀྲམས་ཡིན། བཀྲམ་པ་གཞིར་བཟུང་བོད་ཕྱི་ནང་དང་། ཕྱི་རྒྱལ་ཁག རྒྱ་གར་དང་བལ་ཡུལ། ཧི་མ་ལ་ཡའི་རི་བརྒྱུད་བཅས་སུ་བེད་སྤྱོད་ཆེན་པོ་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། དེ་རྣམ་པ་ཚང་མས་མཁྱེན་གསལ་རེད།” ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་ཚོགས་འདུའི་སྐོར་ལ་གསུང་དོན་དུ། “ལོ་ལྟར་ཚོགས་འདུ་ཐེངས་མ་རེར་འཚོགས་ཀྱི་ཡོད་རེད། དེའི་སྐབས་རྩོམ་སྒྲིག་ཚོགས་ཆུང་སོ་སོ་ནས་སྐུ་ཚབ་རེ་རེ་གདན་འདྲེན་ཞུས་ནས། རྩོམ་སྒྲིག་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་གནང་བ་དང་། ཟབ་སྦྱོང་། ལོ་རེར་རྩོམ་སྒྲིག་ཚོགས་ཆུང་ཁག་སོ་སོས་ཕྱག་ལས་གང་གནང་ཡོད་པ་རྣམས་རྩིས་ལེན་གྱི་ཡོད་རེད། འདས་པའི་ལོ་༣ ནང་ཐོག་མའི་འཆར་གཞི་གཞིར་བཟུང་ཐ་སྙད་འབུམ་༡ ལྷག་ཡོད་པའི་བོད་ཡིག་གི་ཚིག་མཛོད་ད་ལྟ་བར་དུ་བྱུང་མ་མྱོང་ཞིག་ཆགས་ཡོད་རེད། དེ་ཡང་ཚིག་གི་གྲངས་འབོར་དང་། ཚིག་མཛོད་སྒྲིག་སྟངས་གཉིས་ཀའི་ཐོག་ནས་གང་ལ་གང་འཚམ་ཡག་པོ་ཆགས་ཡོད་རེད་དེ། ཡག་པོ་ལ་མཐའ་མེད་དུས། ང་ཚོས་འདས་པའི་ལོ་གཅིག་གི་རིང་ལ་དེ་སྔོན་བཀྲམ་ཚར་བ་དེར་ཞུ་དག་ཐེངས་མ་༩ བྱས་ཡོད། རིམ་པ་གཅིག་ཞུ་དག་ཟིན་པ་རེད། རིམ་པ་གཅིག་ད་ལྟ་འགྲོ་བཞིན་པ་ཡིན། ང་ཚོས་བཀྲམ་ཟིན་པ་དེ་དེ་ག་རང་ཕར་གཡུགས་བཞག་པ་མ་ཡིན་པར་ཡང་ནས་བསྐྱར་དུ་སྤུས་དག་པོ་ཡོང་ཆེད། གང་ལྟར་མི་༩ ཡིས་མགོ་ནས་རྔ་མ་བར་ཞུ་དག་བྱེད་བཞིན་པ་ཡིན།”ཞེས་དང་། དེ་བཞིན་ཁོང་གིས་ལས་ཀ་བྱེད་ཕྱོགས་ཐད་ནས་བརྡ་སྤྲོད་ཀྱི་ཐོག་ལ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་རང་གིས་འགན་འཁུར་གྱིན་ཡོད་པ་དང་། བརྡ་ཆད་གཏན་འབེབས་ཀྱི་ཐོག་རྩོམ་སྒྲིག་ཚོགས་ཆུང་ཁག་གིས་འགན་འཁུར་གྱིན་ཡོད་པ། བརྡ་ཆད་ཀྱི་བྱེ་བྲག་ཆོས་བརྒྱུད་ཁག་གི་ཐ་སྙད་ལ་མཚོན་ན་ཆོས་བརྒྱུད་སོ་སོའི་ཐ་སྙད་དེ་ཆོས་བརྒྱུད་དེ་ག་རང་གིས་འགྲེལ་བཤད་བརྒྱབས་ནས་ཡག་པོ་ཞིག་མ་བྱུང་ན། འཛམ་གླིང་འདིར་ཐ་སྙད་དེ་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་ཐུབ་མཁན་ཁག་པོ་ཆགས་བསྡད་ཡོད་སྟབས་ཆོས་བརྒྱུད་ཁག་དང་མཉམ་ལས་བྱ་རྒྱུ་གལ་ཆེ་སྐོར། དེ་བཞིན་ཐ་སྙད་རེ་རེའི་འགྲེལ་བཤད་ལ་རྩ་འཛིན་ཡིག་ཆ་དང་ཁུངས་ལུང་ཡོད་པ་ཞིག་བཟོས་ནས་མ་འོངས་པར་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་ག་རེ་ལ་སྦྱོང་འདོད་ཡོད་ན་ལས་སླ་པོར་ལྟ་ཆོག་ཆོག་ཅིག་བྱེད་ཐབས་འབད་ཀྱི་ཡོད་སྐོར། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྟེང་བོད་ཀྱི་ཚིག་མཛོད་རིག་པ་ཞེས་པའི་ཚོགས་ཆུང་ཞིག་ཟུར་འཛུགས་ཐོག་གཙུག་ལག་སློབ་གྲྭ་ཁག་མཉམ་རུབ་ཀྱིས་དེའི་ཐོག་བགྲོ་གླེང་དང་། རྒྱལ་སྤྱིའི་སྐད་བརྡ་རིག་པའི་སློབ་དཔོན་མང་པོ་ཞིག་བརྒྱུད་མཉེན་ཆས་ཀྱི་མ་ལག་ག་རེ་ཡིན་ནའང་།(D4) ཐོག་ལ་འཇོག་ཐབས་ཀྱི་ལས་གཞི་ད་ལྟ་འགྲོ་བཞིན་ཡོད་པ། དེ་བཞིན་རྒྱ་ནག་གིས་གཙོས་པའི་མ་ལེ་ཤི་ཡ་དང་སིང་གྷ་པོར་སོགས་སུ་ནང་ཆོས་ལ་སློབ་གཉེར་གནང་མཁན་ནང་པ་ས་ཡ་མང་པོ་ཡོད་སྟབས། སྨོན་ལམ་ཚིག་མཛོད་ཆེན་མོ་དེ་རྒྱ་ཡིག་ནང་བསྒྱུར་འཆར་ཡོད་སྐོར་བཅས་ཀྱང་གསུངས་སོང་།

དེ་རྗེས་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ཀྱིས། དེ་སྔོན་ཁོས་དགེ་རྒན་བྱེད་སྐབས་དབུ་ཅན་ཀློག་ཀླད་ནང་ཡོད་ཀྱང་། དབུ་མེད་སོགས་གློག་ཀླད་ནང་འཇུག་མི་ཐུབ་པའི་སྐོར་གོ་མྱོང་བ་དང་། དེ་རྗེས་གངས་སྐྱིད་དུ་ལས་ཀ་བྱེད་འགོ་བཙུགས་རྗེས་ཁ་པར་བཏང་ནས་ལས་བྱེད་ཚོས་བོད་ཡིག་གི་དག་ཆ་ཕན་ཚུན་ལ་འདྲི་རེས་མང་པོ་བྱེད་ཀྱི་ཡོད་ཀྱང་། སྨོན་ལམ་ཡིག་གཟུགས་དང་སྨོན་ལམ་ཚིག་མཛོད་བཅས་འཕྲུལ་ཆས་ནང་ཡོང་ཐུབ་པ་བྱུང་རྗེས་དཀའ་ངལ་དེ་དག་ཧ་ཅང་ཉུང་འཕྲི་བྱུང་ཡོད་པ། སློབ་གྲྭ་ཁག་གི་དགེ་སློབ་ཚོ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཐུགས་ཕན་ཆེན་པོ་བཟོས་ཡོད་པ། དེ་བཞིན་དགེ་བཤེས་སྨོན་ལམ་གྱི་ཕྱག་ལས་གནང་བཞིན་པ་འདིར་དབུས་བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས། ལྷག་པར་དུ་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཚང་མས་དགའ་བ་སྒོམ་དགོས་པ་ཞིག་ཡིན་སྐོར། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་ཀ་ཁག་ནས་མི་མང་གི་ལྟ་ས་གཙོ་བོ་དེ་ཚིག་མཛོད་ཆགས་ཡོད་དུས། ཚིག་མཛོད་དེ་ཁུངས་དག་པོ་དང་ཡག་པོ་དགོས་རྒྱུ་གནད་འགག་ཆགས་ཡོད་སྐོར། གཞན་ཡང་དགེ་བཤེས་སྨོན་ལམ་གྱིས་གཙོས་པའི་ཚིག་མཛོད་རྩོམ་སྒྲིག་གི་ལས་གཞིའི་ཐོག་ཕྱག་ལས་བྱེད་མཁན་ཚང་མར་བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བཀའ་དྲིན་ཆེ་ཞུ་བ་དང་མུ་མཐུད་ཕྱག་ལས་གནང་བའི་འབོད་སྐུལ་ཡོད་སྐོར་བཅས་སོགས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 212

Leave a Reply