སྲིད་འཛིན་ཊོམ་གནས་དབྱུང་གཏོང་རྒྱུའི་གྲོས་འཆར་བཏོན་འདུག

ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་ཞིག་གིས། སྲིད་འཛིན་ཌོ་ནལ་ཊོམ་གནས་དབྱུང་གཏོང་རྒྱུའི་གྲོས་འཆར་བཏོན་ཡོད་འདུག་ཀྱང་། ད་ལྟའི་ཆར་གྲོས་འཆར་དེ་གྲོས་ཚོགས་འོག་མའི་ནང་མང་མོས་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཡིན་འདུག

ཟླ་༧ པའི་ཚེས་༡༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་དབུས་རྟོག་ཞིབ་ལས་ཁང་གི་འགན་འཛིན་ཟུར་པ་ཇེམ་སེ་ཁོ་མི་ཡིས། ཨུ་རུ་སུས་ཨ་རིའི་འོས་བསྡུའི་ནང་ཐེ་ཇུས་བྱས་ཡོད་མེད་ཐད་རྟོག་ཞིབ་བྱེད་བཞིན་པའི་སྐབས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁོང་གནས་བྱུང་བཏང་ནས། དྲང་བདེན་འགོག་ཐབས་བྱས་ཡོད་པས། བྱ་སྤྱོད་དེའི་རིགས་ལ་གནས་དབྱུང་དང་ཁྲིམས་ཞིབ་བྱེད་དགོས་སྐོར་ གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་བྷེ་རེ་ཌེ་ཤེར་མེན་གྱིས་བརྗོད་ནས། སྲིད་འཛིན་ཊོམ་གནས་དབྱུང་གཏོང་རྒྱུའི་གྲོས་འཆར་བཏོན་ཡོད་འདུག

གྲོས་འཆར་དེར་ནུས་པ་ཐོན་པར་གྲོས་ཚོགས་འོག་མའི་ནང་མང་མོས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པ་དང་། ད་ལྟའི་ཆར་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་བ་ཡིན་པས། མང་མོས་ཐོབ་རྒྱུ་ཁག་པོ་ཡིན་འདུག་ལ། ད་ལྟའི་ཆར་ཡོངས་གྲགས་སུ་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གཅིག་ལས་བྱུང་མེད་འདུག

སྐུ་ཞབས་བྷེ་རེ་ཌེ་ཤེར་མེན་གྱིས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་། སྲིད་འཛིན་ཌོམ་གནས་དབྱུང་ལམ་སེང་གཏོང་ཐུབ་ཀྱི་ཡོད་པའི་རེ་བ་བྱེད་ཀྱི་མེད་ཀྱང་། གྲོས་འཆར་དེས་ཕོ་བྲང་དཀར་པོའི་ནང་ཐེ་ཇུས་སླེབས་ནས། འཛིན་སྐྱོང་གིས་དོ་དམ་ནན་དུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་རྗེས་སུ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ཀྱང་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ཨུ་རུ་སུས་ཐེ་ཇུས་བྱས་ཡོད་པའི་གནད་དོན་ཐད་གླེང་སློང་ཆེན་པོ་ཆགས་ཡོད་པ་དང་། ཉེ་བའི་ཆར་ཊོམ་གྱི་བུས་འོས་བསྡུའི་བརྒྱུད་རིམ་འགྲོ་བཞིན་པའི་སྐབས་སུ། ཨུ་རུ་སུའི་ཁྲིམས་རྩོད་པ་ཞིག་དང་ཐུག་འཕྲད་བྱས་ཡོད་པ་དང་། དེ་ཡང་ཁྲིམས་རྩོད་པ་དེས་ཨུ་རུ་སུའི་གཞུང་གིས་མཁོ་སྤྲོད་བྱས་པའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རེ་ཁེལ་ཌོན་ལ་གནོད་པའི་གནས་ཚུལ་ཡོད་སྐོར་བརྗོད་ནས། ཁོ་གཉིས་ཐུག་འཕྲད་བྱས་པའི་གནས་ཚུལ་ཕྱིར་ཐོན་ཡོད་པ་རེད། ཊོམ་གྱི་བུས་ཁོང་ལ་གནས་ཚུལ་དེ་རིགས་རག་མེད་སྐོར་འགྲེལ་བརྗོད་བྱས་ཡོད་ཀྱང་། སྲིད་འཛིན་ཊོམ་དང་འབྲེལ་ཡོད་མི་སྣས་འོས་བསྡུའི་སྐབས་ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 813

Leave a Reply