སྲིད་འཛིན་ཊོམ་གྱིས་བོད་མིར་རོགས་དངུལ་ཚང་མ་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གྲོས་ཚོགས་ནང་ཨ་རིའི་ཕྱི་ལོ་༢༠༡༨ ལོའི་སྔོན་རྩིས་རྒྱབ་གཉེར་ཞུས་པའི་ནང་། བོད་པར་རོགས་དངུལ་སྤྲོད་བཞིན་པ་རྣམས་ཚང་མ་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་ཡོད་འདུག

ཟླ་འདིའི་ཚེས་༢༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་འདིའི་ཟླ་༡༠ པའི་ཚེས་༡ ཉིན་ནས་འགོ་འཛུགས་བྱ་རྒྱུ་ཡིན་པའི་ཕྱི་ལོ་༢༠༡༨ ལོའི་ཨ་རིའི་སྔོན་རྩིས་ནང་། སྲིད་འཛིན་ཊོམ་སྲིད་གཞུང་གིས་ལོ་མང་རིང་ཨ་རིའི་གཞུང་གིས་རོགས་དངུལ་སྤྲོད་བཞིན་པའི་བོད་ཀྱི་ཐེབས་རྩ་མེད་པ་བཟོ་རྒྱུ་དང་། ངག་དབང་ཆོས་འཕེལ་ཤེས་ཡོན་བརྗེ་ལེན་གྱི་རོགས་དངུལ་མེད་པ་བཟོ་རྒྱུའི་རྒྱབ་གཉེར་ཞུས་ཡོད་འདུག འོན་ཀྱང་ཨ་རིའི་གཞུང་གིས་སྔོན་རྩིས་རྒྱབ་གཉེར་གྱི་ཟུར་མཆན་ནང་། སྔོན་རྩིས་ནང་དམིགས་བསལ་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ནང་ལས་རིམ་གཞན་དང་མཉམ་དུ་བོད་ཀྱི་ཐེབས་རྩ་ཡང་འཇོག་རྒྱུ་ཡིན་སྐོར་འཁོད་ཡོད་འདུག

ཨ་རིའི་གཞུང་གིས་ཨ་རིའི་གྲོས་ཚོགས་སུ་སྔོན་རྩིས་རྒྱབ་གཉེར་ཞུས་པའི་སྙན་ཞུའི་ནང་། བོད་མིར་རོགས་དངུལ་སྤྲོད་བཞིན་པ་རྣམས་ཚང་མ་མེད་པ་བཟོ་རྒྱུའི་གྲོས་འདོན་དེ་ཁག་པོ་བྱས་ནས་ཐག་གཅོད་བྱས་སྐོར་གསུངས་ཡོད་པ་དང་། བརྒྱུད་ལམ་ཁག་ཏུ་ཨ་རིར་ཡོད་པའི་བོད་པའི་འགོ་ཁྲིད་ཁག་གིས། ད་ལྟའི་ཆར་སྔོན་རྩིས་ཀྱི་སྙན་ཐོ་ཀློག་བཞིན་ཡོད་ལ། གནད་དོན་དེའི་ཐད་བསམ་ཚུལ་བརྗོད་རྒྱུ་མི་འདུག་ཀྱང་། ད་བར་བོད་དང་བོད་མིར་རོགས་དངུལ་བྱུང་བ་ཕལ་ཆེ་བ་ཨ་རིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ལས་བྱུང་སྐོར་བརྗོད་ཡོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ནེན་སི་པི་ལོ་སིའི་མགྲིན་ཚབ་པས། སྲིད་འཛིན་ཌོ་ནལ་ཊོམ་གྱི་སྔོན་རྩིས་རྒྱབ་གཉེར་ནང་བོད་མིར་རོགས་དངུལ་ཚང་མ་མེད་པ་བཟོ་རྒྱུའི་གྲོས་འདོན་དེར་ལྕམ་ཁོང་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག དེ་བཞིན་བརྒྱུད་ལམ་ཁག་ཏུ་ཨ་རིའི་གྲོས་ཚོགས་ནང་བོད་མིའི་རོགས་དངུལ་མེད་པ་བཟོ་རྒྱུའི་གྲོས་འཆར་དེར། དགག་པ་ཤུགས་ཆེན་རྒྱག་ངེས་པ་ཡིན་སྐོར་འཁོད་འདུག

དེ་བཞིན་ཕྱི་ལོ་༢༠༡༥ ལོའི་ཨ་རིའི་གྲོས་ཚོགས་ཀྱི་ཉམས་ཞིབ་ལས་ཁང་གིས་བཏོན་པའི་སྙན་ཐོ་ཞིག་ནང་། ཕྱི་ལོ་༢༠༡༤ ལོར་ཨ་རིས་བོད་མིའི་ཆེད་ཨ་སྒོར་ས་ཡ་༢༤ ལས་མང་བའི་རོགས་དངུལ་སྤྲད་ཡོད་འདུག དེའི་ནང་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་པའི་ལས་ཁང་ལ་ཨ་སྒོར་ས་ཡ་༡། རྒྱ་ནག་(བོད་)ནང་དུ་ཡོད་པའི་བོད་མི་རྣམས་ལ་དཔལ་འབྱོར་རོགས་སྐྱོར་ཆེད་ས་ཡ་༡༠། ངག་དབང་ཆོས་འཕེལ་ཤེས་ཡོན་བརྗེ་ལེན་ལ་ཨ་སྒོར་༥༧༥,༠༠༠། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཨ་སྒོར་ས་ཡ་༣.༨། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཨ་སྒོར་ས་ཡ་༣.༢། ལྷོ་ཨེ་ཤི་ཡའི་ནང་བོད་མི་སྐྱབས་བཅོལ་བ་ཚོར་རོགས་པ་བྱེད་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ལ་ས་ཡ་༢.༨། བཙན་བྱོལ་བོད་མི་ཚོའི་ཆེད་ཀྱི་ཨ་རིའི་མཐོ་སློབ་སློབ་ཡོན་ལ་༧༡༠,༠༠༠། ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩའི་འོག་བོད་མིའི་ལས་རིམ་ཁག་ལ་རོགས་དངུལ་༦༢༡,༠༠༠ བཅས་སོགས་ཚུད་ཀྱི་ཡོད་སྐོར་འཁོད་ཡོད་འདུག

ད་ལྟའི་ཆར་བོད་མིའི་རོགས་དངུལ་དང་འབྲེལ་བའི་སྔོན་རྩིས་རྒྱབ་གཉེར་ཞུས་པ་དེ་ཨ་རིའི་གྲོས་ཚོགས་ཀྱིས་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད་འདུག

ཨ་རིའི་གཞུང་གིས་བརྒྱུད་ལམ་ཁག་ཏུ་གནད་དོན་དེ་དང་འབྲེལ་ནས། “ང་ཚོས་ཨ་རིའི་མི་མང་གི་དཔྱ་དངུལ་རྣམས་ནུས་པ་ལྡན་པའི་ཐོག་ནས་བེད་སྤྱོད་གཏོང་ཆེད། གལ་གནད་ཆེ་བའི་གནད་དོན་ཁག་ལ་གདེམ་ཀ་དང་པོ་སྤྲོད་དགོས་པ་དང་། ཐག་གཅོད་ཁག་པོ་ཁག་ཅིག་བྱེད་དགོས་བྱུང་”ཞེས་བརྗོད་ཡོད་འདུག།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook310Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 5018

Leave a Reply