སྲིད་འཛིན་ཊོམ་ཨི་རན་གྱི་ངོ་རྒོལ་བ་ཚོའི་རྒྱབ་ཏུ་ལངས་ཡོད་འདུག  

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨི་རན་ནང་གི་ཞི་བའི་ངོ་རྒོལ་ལས་འགུལ་བ་རྣམས་ཀྱི་གནས་སྟངས་ལ་སེམས་འཚབ་ཡོད་པ་དང་། དེ་དག་གློད་གྲོལ་གཏོང་བའི་དགོས་འདུན་བཏོན་འདུག

ཟླ་༡ པོའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག་པ་དང་། དེའི་ནང་འདས་པའི་བདུན་ཕྲག་ཁ་ཤས་ནང་། ཨི་རན་མི་མང་གིས་ཞི་བའི་ངང་ངོ་རྒོལ་ལས་འགུལ་སྤེལ་བར། ཨི་རན་གྱི་དབང་ཆ་གཅིག་སྡུད་སྲིད་གཞུང་གིས་མི་མང་སྟོང་ཕྲག་མང་པོ་བཙོན་འཇུག་བྱས་པར་སེམས་འཚབ་ཡོད་པ་དང་། དེ་བཞིན་ལས་འགུལ་བ་ཁག་ཅིག་བཀག་ཉར་ཐོག་སྡུག་སྦྱོང་མནར་གཅོད་དང་བསད་པའི་གནས་ཚུལ་ཐོན་པར་སེམས་འཚབ་ཡོད་པས། ཨི་རན་གྱི་དབང་ཆ་གཅིག་སྡུད་སྲིད་གཞུང་གིས་མི་མང་གི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་བར་ཁུ་སིམ་མི་སྡོད་པར། ཨི་རན་གྱི་འགོ་ཁྲིད་ཚོར་འགན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་དང་། དེ་བཞིན་ཨི་རན་ནང་གི་ཆབ་སྲིད་བཙོན་པ་ཚང་མ་འཕྲལ་དུ་གློད་གྲོལ་གཏོང་བའི་དགོས་འདུན་བཏོན་ཡོད་འདུག

ཕྱི་ལོ་༢༠༡༧ ལོའི་ཟླ་༡༢ པའི་ཚེས་༢༨ ཉིན་ཨི་རན་གྱི་གྲོང་ཁྱེར་ཆེ་གྲས་མཱ་ཤ་ཧེ་ཌ་ནང་དུ། ཅ་དངོས་ཀྱི་རིན་གོང་འཕར་བཞིན་པ་དང་ལྐོག་ཟ་རུལ་སུངས་ལ་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་བྱེད་འགོ་བཙུགས་ཡོད་པ་དང་། རྗེས་སུ་ངོ་རྒོལ་དེ་རྒྱལ་ས་གཙོས་པའི་གྲོང་ཁྱེར་གཞན་ནང་ཁྱབ་ནས། གཞུང་ལ་འདོད་པ་མ་ཁེངས་པའི་རྣམ་པར་འགྱུར་ནས། ངོ་རྒོལ་ལས་འགུལ་ཁྱབ་ཆེན་སྤེལ་ཡོད་པ་རེད། ངོ་རྒོལ་སྐབས་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨཱ་ལི་ཀ་མི་ནི་དང་། སྲིད་འཛིན་ཧཱ་སེན་རུ་ཧ་ནི་གཉིས་ལ་སྐྱོན་བརྗོད་དང་། ཨི་རན་གྱིས་དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་དང་རྩོད་རྙོག་ནང་མཉམ་ཞུགས་ཀྱིས། འགྲོ་སོང་ཕོན་ཆེན་བཏང་བ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་ཉེས་ཆད་ཕོག་པར་བརྟེན། མི་མང་དབུལ་པོར་ཆགས་བཞིན་པར་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་འདུག

ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨཱ་ལི་ཀ་མི་ནི་ཡིས། ཨི་རན་གྱི་ཕྱིའི་དགྲ་བོ་རྣམས་ཀྱིས་ཟླ་སྒྲིལ་ནས། དངུལ་དང་མཚོན་ཆ། ཆབ་སྲིད། གསང་བའི་ལས་ཁང་སོགས་བཀོལ་སྤྱོད་བྱས་ཏེ། ཨི་རན་ནང་ཟིང་འཁྲུག་སློང་གི་ཡོད་པའི་ཉེས་འཛུགས་བྱས་འདུག དཔྱད་བརྗོད་པ་ཚོས་ཕྱིའི་དགྲ་བོ་ནི་ཨ་རི་དང་། ཨི་ཛེ་རིལ། སོ་ཌི་ཨ་རབ་བཅས་ལ་ཟུར་བརྗོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ངོ་རྒོལ་ལས་འགུལ་དེ་འགོ་བཙུགས་ནས་བཟུང་། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཊུ་ཊེར་ཐོག ཨི་རན་གྱི་འགོ་ཁྲིད་ཚོར་སྐྱོན་བརྗོད་དང་ངོ་རྒོལ་ལས་འགུལ་བ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ལྕམ་ནཱི་ཀི་ཧ་ལི་ཡིས། ཨི་རན་མི་མང་གིས་རང་དབང་གི་ཆེད་དུ་འབོད་སྒྲ་བྱེད་བཞིན་ཡོད་པས། རང་དབང་ལ་དགའ་མོས་བྱེད་མཁན་ཚང་མ་ཁོ་ཚོའི་རྒྱབ་ཏུ་ལངས་དགོས་སྐོར་བརྗོད་ཡོད་པ་རེད།

ད་ལྟའི་ཆར་ཨི་རན་གཞུང་གིས་ལས་འགུལ་བ་༡༠༠༠ འཛིན་བཟུང་བྱས་ཡོད་པ་དང་། དེ་དག་ལས་བརྒྱུད་སྐུལ་བྱེད་མཁན་རྣམས་ཁྲིམས་བཤེར་བྱ་ཆེད་བཀག་ཉར་འོག་ཡོད་པ་ལས། ལས་འགུལ་བ་མང་ཆེ་བ་གློད་གྲོལ་བཏང་ཟིན་སྐོར་བརྗོད་འདུག་ཀྱང་། ཨི་རན་ནང་གི་གནས་ཚུལ་ཡོངས་ཁུང་ཁག་ཅིག་གིས་འཛིན་བཟུང་བྱས་པའི་ལས་འགུལ་བའི་ཁ་གྲངས་གཞུང་གི་ཁ་གྲངས་ལས་མང་བ་ཡིན་སྐོར་བརྗོད་བཞིན་ཡོད་འདུག དེ་བཞིན་ངོ་རྒོལ་སྐབས་ཉུང་མཐར་མི་གྲངས་༢༡ བསད་པའི་གནས་ཚུལ་ཐོན་འདུག

དེ་སྔོན་ཨི་རན་གྱི་རྡུལ་མཚོན་ལས་གཞི་ལ་བརྟེན་ནས་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོར་རྡུལ་མཚོན་གྱི་ལས་གཞི་ཚད་བཀག་བཟོ་རྒྱུར་ཁས་ལེན་བྱས་ཏེ། ཨ་རིས་དཔལ་འབྱོར་ཉེས་ཆད་ཡང་དུ་བཏང་ཡོད་འདུག་ཀྱང་། སྲིད་འཛིན་ཊོམ་གྱིས་རིང་མིན་ཨི་རན་ལ་མུ་མཐུད་ཉེས་ཆད་ཡང་དུ་གཏོང་དགོས་མིན་གྱི་ཐག་གཅོད་བྱ་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 349

Leave a Reply