སྲིད་སྐྱོང་མཆོག གསུང་མ་འབྱོན་གོང་དགོངས་པ་བཞེས་རོགས།

-ལྗངས་གཞོན།
མི་རིགས་ཤིག་གི་འཐབ་རྩོད་ནི་སྒྲིག་འཛུགས་བྱེ་བྲག་པ་ཞིག་དང་ཚོགས་སྡེ་དམིགས་བསལ་བ། ཆོས་ལུགས་རང་སྒར་བ་ཞིག་ཙམ་མ་ཡིན་པར་སྤྱི་ཚོགས་ཁྱོན་ཡོངས་དང་སྒྲིག་འཛུགས། ཚོགས་སྡེ་གང་ན་སུ་མཆིས་པ་ཚང་མའི་ཐུན་མོང་གི་འགན་འཁྲི་ཞིག་དང་། བོད་མི་གང་ཟག་སྒེར་མི་རེ་ངོ་རེ་ལ་ཡོད་པའི་གཡོལ་དུ་མེད་པའི་འོས་འགན་གལ་ཆེས་ཤོས་ཤིག་རེད། ངོ་བོ་དང་འགན་འཁྲིའི་གནས་བབ་དེ་འདྲ་ཞིག་གི་ཐོག་ནས་འཐབ་རྩོད་ཀྱི་གོ་རིམ་དང་ལག་ལེན་གྱི་རྣམ་པ་ཡང་རིགས་སྣ་ཚོགས་དང་ཕྱོགས་ངོས་གང་ས་ནས་ཡོང་མྱོང་པ་དང་འབྱུང་དགོས་པ་དོན་དངོས་ཡིན།

དོན་དངོས་ཀྱི་བོད་མིའི་འཐབ་རྩོད་རང་བཞིན་འདིའི་ཐད་ནས་བོད་མི་སྒེར་སོ་སོས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ལ་བཟུང་བའི་བརྩེ་སེམས་དང་རྒྱལ་ཞེན། ཕུགས་བསམ། ལ་རྒྱ། འཐབ་རྩོད་རང་སྟེང་ནས་མངོན་པར་བྱེད་པའི་ད་ལྟའི་རྒྱ་རྒོལ་རང་སྲུང་ཟེར་ན་འདྲ་ནང་ཁུལ་རྡོག་ཏུ་འདྲིལ་བར་བྱ་བའི་སྒུལ་ཤུགས་ལྡན་པའི་ལས་འགུལ་ཏེ། བློས་གཏོང་གི་ཚད་རིམ་མཐོ་ཤོས་སུ་སླེབས་ཡོད་པ་ནི་རང་ལུས་མེ་སྲེག་གི་རླབས་རྒྱུན་འདི་རེད། འདི་ནི་གཞན་གྱི་སྐུལ་སློང་དང་གོ་སྒྲིག་མ་ཡིན་པར་བོད་མི་སྒེར་བ་སོ་སོ་རང་ཉིད་ཀྱིས་བློ་ཐག་ཆོད་པས་སྒོ་ནས་བརྩམས་དང་རྩོམ་བཞིན་པའི་རྒྱལ་རྒོལ་རང་སྲུང་གི་འཐབ་རྩོད་བླ་ན་མ་མཆིས་པ་ཞིག་རེད།

རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ཀྱི་ངོ་གདོང་ནས་བལྟས་ཡོང་པའི་སྐབས་སུ་བཙན་འཛུལ་བར་རྒོལ་བ་དང་ནང་ཁུལ་ལ་རྡོག་ཏུ་འདྲིལ་བ། ཕྱི་ཕྱོགས་ལ་སྒྲོག་པ་དང་རྒྱབ་སྐྱོར་དཔུང་གཉེན་འཚོལ་བ་སོགས་ཀྱི་རིམ་པ་མང་དག་ཅིག་ཡོད་ལ། དེ་དག་ལས་གལ་གནད་ཆེས་ཆེ་བ་ནི་ངོ་བོ་དང་རྣམ་པ་ཅི་རིགས་ཀྱི་སྒོ་ནས་བཙན་འཛུལ་བར་རྒོལ་བ་གཏོང་རྒྱུ་དང་རིགས་མཐུན་བོད་མི་ནང་ཁུལ་ལ་རྡོག་ཏུ་འདྲིལ་བར་བྱ་རྒྱུ་འདི་ཡིན། བཙན་འཛུལ་རྒྱ་དམར་ལ་རྒོལ་སྟངས་ཀྱི་རྣམ་པ་ནས་སྲིད་ཇུས་རང་བཞིན་དང་སྒྲིག་འཛུགས་རང་བཞིན། དམངས་ཁྲོད་རང་བཞིན། གང་ཟག་རང་བཞིན་བཅས་ཕྱོགས་གང་ས་ནས་སྟོབས་ཤུགས་ཐབས་ཇུས་འདྲ་མིན་བརྒྱུད་ཕ་རོལ་བའི་ནུས་སྟོབས་ལ་གཏོར་རྒོལ་དང་བཀའ་བཀོད་དུ་བསྡུ་མ་ཐུབ་པ། སྲིད་གཞུང་འཇིག་ཉེན་བཟོ་བ། སུན་པོ་བཟོ་བ། འུ་ཐུག་ཐབས་ཟད་ཀྱི་གནས་སུ་འདེད་པ་སོགས་དང་། ནང་ཁུལ་རྡོག་ཏུ་འདྲིལ་བར་རྒྱལ་ཞེན་གྱི་བསམ་བློ་སྐྲུན་པ། ཐུན་མོང་གི་ལྟ་བའི་རིན་ཐང(སྐད་ཡིག་རིག་གནས། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས) གོང་དུ་སྤེལ་བ། བཙན་འཛུལ་བའི་དབང་སྒྱུར་ལས་རྣམ་པར་རྒྱལ་བའི་བསམ་བློའི་སྟོབས་ཤུགས་དང་ཡིད་ཆེས་སྐྲུན་པ། རྒྱལ་གཅེས་དཔའ་མཛངས་ཅན་ལ་གཟི་བརྗིད་བསྟོད་པ། མི་རིགས་ཀྱི་བླ་བཙོང་བ་དང་རྒྱུག་ཁྱི། དགྲ་དང་ངན་འབྲེལ་བྱེད་མཁན། རྒྱལ་ཚོང་གི་ལས་སུ་ཞུགས་མཁན་ཚོ་མི་རིགས་ཀྱི་ཞབས་འདྲེན་པ་དང་སྤྱི་ཚོགས་ཀྱི་བཀག་རྡོ་རུ་ངོས་འཛིན་ཟུར་ཕུད་གཏོང་རྒྱུ་སོགས་ནི་རྒྱ་རྒོལ་རང་སྲུང་གི་འཐབ་རྩོད་ཀྱི་ཁ་ཕྱོགས་ས་ཡིན་དགོས།

བོད་མིའི་རང་ལུས་མེ་སྲེག་གི་འཐབ་རྩོད་འདི་ནི་ཐད་གར་རྒྱ་རྒོལ་རང་སྲུང་གི་ལས་འགུལ་གྱི་རྣམ་པ་ཞིག་ཆགས་ཡོད་ལ། མི་སྒེར་བའི་འཐབ་རྩོད་ཀྱི་རིམ་པ་ནས་བཤད་ན་བློས་དཔོག་དཀའ་བ་དང་། ད་སྔ་འཛམ་གླིང་གི་ལོ་རྒྱུས་ནང་མཐོང་དཀའ་བའི་བདེན་དོན་ལ་ཕྱོགས་པའི་འཐབ་རྩོད་ཀྱི་མེ་ལྕེ་གསོན་པོ་ཞིག་ཏུ་གྱུར་ཡོད།

བོད་ནང་དུ་རང་ལུས་མེ་སྲེག་རེ་བྱུང་འཕྲལ་རྒྱ་ནག་གཞུང་གིས་ཐ་ན་ཕུང་བོ་ཡན་ཆད་བཙན་འཁྱེར་བྱེད་འགྲོ་བ་དང་། རང་ལུས་མེ་སྲེག་གནང་མཁན་གྱི་ནང་མི་གཉེན་ཉེ་དང་། གྲོང་པ་ཁྱིམ་མཚེས་སོགས་ལ་དམ་དྲག་དང་ཁྲིམས་ཆད་གཅོད་པ། ཕྱིན་ཆད་རང་ལུས་མེ་སྲེག་མི་ཡོང་པའི་སྔོན་འགོག་གི་བཅའ་ཡིག་ཁྲིམས་ཆད་སྣ་ཚོགས་དྲིལ་བསྒྲགས་འགྲེམས་སྤེལ་བྱེད་པ། རང་ལུས་མེ་སྲེག་གནང་མཁན་གྱི་ཕུང་པོར་བདག་རྒྱག་སྲུང་སྐྱོབ་བྱས་པ་ཙམ་ལའང་རྡུང་རྡེག་བཙོན་འཇུག་བྱེད་པ། གནས་ཚུལ་ཕྱི་གྱར་གྱི་དོགས་གཞི་ཅན་ཚོ་འཇུ་བཟུང་ཁྲིམས་ཆད་གཅོད་པ་སོགས་ལས་བླུན་པོ་ཞིག་ཡིན་ནའང་རང་སྲེག་རྒྱ་རྒོལ་གྱི་ནུས་པ་ངོས་ཟིན་འཐོབ་དགོས་ངེས་རེད། དེ་བཞིན་བཙན་བྱོལ་དུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་དཔའ་བོ་འཇམས་དཔལ་ཡེ་ཤེས། བལ་ཡུལ་དུ་ཀརྨ་ངེས་སྟོན་རྒྱ་མཚོ་སོགས་ཀྱིས་རང་སྲེག་རྒྱ་རྒོལ་གནང་བར་རྒྱ་ནག་གཞུང་གིས་ཉེ་འཛུགས་སྐྱོན་བརྗོད་བྱས་པ་མ་ཟད་འབྲེལ་ཡོད་རྒྱལ་ཁབ་དག་ལའང་འདྲེ་ལག་བརྐྱངས་གང་ཐུབ་བྱས་ཡོད།

འོན་ཀྱང་། བློ་ཕམ་ཞིང་ཡིད་སྐྱོ་བ་ཞིག་ལ། དེང་སྐབས་བོད་རིགས་ནང་ཁུལ་དུ་རེ་ཟུང་གིས་རང་ལུས་མེ་སྲེག་ལ་གྲུབ་འབྲས་མེད་སྐོར་དང་། ཚེ་སྲོག་འཕྲོ་བརླག་ཡིན་ཚུལ། ཁོང་ཚོའི་རླབས་ཆེན་གྱི་བློས་གཏོང་ལ་གདེང་འཇོག་དང་དཔའ་བོའི་མཛད་རྗེས་སུ་དྲངས་པར་མི་འོས་པ་དང་ནོར་འཁྲུལ་དུ་གླེང་མཁན། རང་ལུས་མེ་སྲེག་མཚམས་ཞོག་ཟེར་བ་སོགས་རྒྱ་ནག་གཞུང་ལ་དགོས་པའི་སྐད་ཆ་བཤད་མཁན་ཡོང་གི་ཡོད་པ་དེ་ཚོ་དོན་དངོས་ལ་རྒྱུས་ལོན་མེད་པ་དང་འགན་མ་ཁུར་པའི་སྐད་ཆ་རེད་ལ། འཐབ་རྩོད་ཀྱི་གསོན་ཤུགས་ཉམ་ཉེས་སུ་འགྲོ་བའི་ཉེན་ཚབས་རང་བཞིན་གྱི་རྟགས་མཚན་ཞིག་ཀྱང་རེད། ང་ཚོ་སུ་ལའང་ཕ་རོལ་བར་ཚེ་སྲོག་བློས་གཏོང་བྱ་བར་སྐུལ་མ་གཏོང་པའི་དབང་ཚད་མེད་ལ་མ་གཏོང་རོགས་ཞེས་འབོད་སྐུལ་ཞུ་བའི་ཐོབ་ཐང་ཡང་མེད། དེ་བས་རང་ཉིད་སྐྱིད་ས་བདེ་ས་ནས་སྡོད་མཁན། ལུས་ལ་མེ་སྟག་ཆུང་ཆུང་ཞིག་འཐོར་ན་ཨ་ཚ་ཞེས་ས་ལྡིང་གནམ་ལྡིང་བྱེད་མཁན་དག་ལ་རང་ལུས་མེ་སྲེག་གནང་མཁན་ཚོའི་ཐད་འགྲིག་དང་ནོར་གྱི་བསམ་ཚུལ་འདོན་པའི་འོས་བབ་མེད།

ལྷག་པར་དུ་ཐེངས་འདིར་དཔའ་བོ་པ་སངས་དོན་གྲུབ་ཀྱི་མྱ་ངན་མཛད་སྒོའི་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཕྱི་ནང་གཉིས་གང་ནས་ཡིན་ནའང་རང་ལུས་མེ་སྲེག་མ་གཏོང་རོགས་ཞེས་གསུངས་སོང་། གསུང་འདི་མ་འབྱོན་གོང་ངེས་པར་དུ་མ་མཐའ་གནད་དོན་གཉིས་ལ་དགོངས་པ་བཞེད་དགོས། གཅིག རང་ལུས་མེ་སྲེག་གནང་མཁན་ཚོས་སོ་སོའི་ཚེ་སྲོག་རྩ་ཆེན་པོ་ཡིན་པ་མ་ཤེས་པ་དང་སྒེར་གྱི་མཚན་སྙན་ཁེ་ཕན་ཆེད་དུ་མིན་པ་མཁྱེན་པའི་ཐོག་ནས་དེ་འདྲ་གསུང་ན་ཁྱོན་ཡོངས་ནས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཅི་ཡོང་ལ་དགོངས་པ་བཞེད་དགོས། གཉིས། བོད་ཕྱི་ནང་གང་ཡིན་རུང་རང་ལུས་མེ་སྲེག་རེ་གནང་ཡོང་སྐབས་དྲི་བ་དང་བློ་འཚབ་དང་པོ་མི་རྗེ་སྲིད་སྐྱོང་མཆོག་རང་ཉིད་ལ་སླེབས་དགོས་པའི་དྲི་རྟགས་ཆེན་པོ་ཞིག་ཆགས་ཡོད། རྒྱུ་མཚན་ནི་ཁྱེད་དང་ཁྱེད་ཀྱིས་སྣེ་ཁྲིད་པའི་སྒྲིག་འཛུགས་འདི་ལ་འགན་ཡོད་པ་ནང་བཞིན་བོད་མིའི་སེམས་ཁོང་གི་དཀའ་སྡུག་སེལ་ཐུབ་ཀྱི་མེད་པ་དང་མངོན་འདོད་སྒྲུབ་ཀྱི་མེད་པའི་དབང་གིས་རང་ལུས་མེ་སྲེག་མུ་མཐུད་དུ་བྱུང་དང་འབྱུང་བཞིན་པར་དགོངས་པ་རེ་བཞེད་ཐུབ་ན་ཕྱིན་ཆད་ཕྱག་ལས་ག་རེ་གནང་དགོས་པ་དང་བཀའ་གསུང་ཅི་འདྲ་གནང་དགོས་མིན་ཐད་གསལ་ཁ་རེ་ཡོང་གི་རེད་དྲན་གྱི་འདུག

དེ་བས་ཚབས་ཆེ་བ་ཞིག་ལ། ” “བཙན་བྱོལ་ལ་ཡོད་པའི་བོད་མི་ཚོས་རང་ལུས་མེ་སྲེག་གཏོང་ཡ་དེ་ལ་ང་ཚོས་རྩ་བ་ནས་མོས་མཐུན་མེད” ཅེས་གསུངས་སོང་། དེ་ག་རེ་གསུང་གི་ཡོད་རེད་དམ། བཙན་བྱོལ་ནང་གི་བོད་མི་ཚོར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ལ་བོད་ནང་གི་བོད་མི་ཚོ་ནང་བཞིན་འགན་ཁུར་བ་དང་བློས་བཏང་ན་འགྲིག་གི་མ་རེད། དེར་མོས་མཐུན་མེད་གསུང་གི་ཡོད་དམ། ཡང་ན་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོའི་སེམས་ཁོང་ན་བཙན་འཛུལ་བའི་མཉའ་གནོན་ཐེབས་པའི་སྡུག་བསྔལ་དང་གཞིས་བྱིས་ལྷན་འཛོམས་ལ་རེ་སྒུག་གི་མངོན་འདོད། འཐབ་རྩོད་ཀྱི་ན་ཚ་མེད་པའམ་ཡོད་ན་མ་འགྲིག་པ་ཞིག་སྒྲུབ་ཀྱི་ཡོད་དམ། དེ་མིན་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་ལུས་སེམས་ལ་དཀའ་སྡུག་མེད་པས་རང་ལུས་མེ་སྲོག་བཏང་ན་མོས་མཐུན་མེད་གསུང་གི་ཡོད་དམ། བཙན་བྱོལ་དུ་འགྲོ་བསྐྱོད་འཚོ་གནས་ཀྱི་རང་དབང་ཙམ་ཡོད་པ་དེ་ང་ཚོ་ཐོག་མར་བཙན་བྱོལ་ལ་ཡོང་དགོས་པའི་ཕུགས་འདུན་རེད་དམ། དེ་ཙམ་ལ་ཆོག་ཤེས་བྱེད་སྡོད་ན་འགྲིག་གམ། རྗེས་ཕྱོགས་བཙན་བྱོལ་ནས་རང་ལུས་མེ་སྲོག་བཏང་ན་དེ་བོད་ཀྱི་རྩ་དོན་ཆེད་བློས་གཏོང་གནང་པར་ངོས་འཛིན་གནང་གི་མིན་གསུང་གི་ཡོད་དམ། སྐུ་ངོ་མི་རྗེ་མཆོག གསུང་མ་འབྱོན་གོང་ལ་དགོངས་པ་རེ་བཞེད་ནས་གསུང་རོགས།

ད་རུང་སྲིད་སྐྱོང་དང་བཀའ་ཤག་ཕེབས་པ་དེ་བོད་པ་གཅིག་པ་ཡིན་པ་དང་ནང་པ་གཅིག་པ་ཡིན་པས་གདུང་སེམས་མཉམ་སྐྱེད་དུ་ཕེབས་ཡོད་ཚུལ་གསུང་གི་འདུག དེ་འདྲ་ཡིན་ན། བོད་མི་ནང་པ་མ་ཡིན་པ་ཞིག་སྟེ། བོན་པོ་དང་བོད་པ་ཁ་ཆེ། བོད་པ་ཡུ་ཤེ་ཆོས་ལུགས་ཡིན་མཁན་ཞིག་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་སྲེག་གནང་ན་ཕེབས་ཀྱི་མིན་ནམ། གདུང་སེམས་མཉམ་སྐྱེད་གནང་གི་མིན་ནམ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 3157

Leave a Reply