སྲིད་སྐྱོང་འོས་མི་གཉིས་ཀྱིས་མང་ཚོགས་ཀྱི་དྲི་བ་ཁག་ཅིག་ལ་ལན་འདེབས།

ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོ་དྷ་ས་བོད་ཀྱི་ཟློས་གར་ཁང་གི་ཚོགས་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གཉིས་ཀྱི་བར་ལ་བགྲོ་གླེང་སྐབས། ཚོགས་ཞུགས་པའི་དྲི་བ་ཁག་ཅིག་ལ་ཁོང་གཉིས་ཀྱིས་ལན་འདེབས་གནང་བ་ལས་ཟུར་འདོན་བྱས།

ཚོགས་ཞུགས་པ་ཞིག་གིས་དྲི་བ་གཏོང་སྐབས། ཁོང་རྣམ་པ་གཉིས་དང་ཁོང་རྣམ་པའི་ཕྱོགས་གཏོགས་ཀྱིས་བཤད་སྟངས་ཤིག་གིས་ཉེ་ཆར་རྒྱ་ནག་གིས་ང་ཚོའི་སྲིད་ཇུས་དང་སྲིད་སྐྱོང་གི་འོས་བསྡུ་དེ་བེད་སྤྱོད་བྱས་འདུག དེའི་ནང་ཕྱི་དྲིལ་བཀའ་བློན་དགོངས་པ་ཞུས་པ་ཡང་གནད་འགག་ཆགས་འདུག རྣམ་པ་གཉིས་འདིར་བཞུགས་ནས་ཐུན་མོང་གི་ལན་ཞིག་རྒྱ་ནག་ལ་སྤྲད་ཐུབ་ཀྱི་རེད་དམ་མ་རེད། དེ་མ་ཐུབ་ན་མར་གྲོལ་ནས་སྤྲོད་ཐུབ་ཀྱི་རེད་དམ། དེ་ཐུབ་ཀྱི་མེད་ན་མི་རེ་རེས་ལན་ག་རེ་རྒྱག་ཐུབ་ཀྱི་རེད་ཅེས་དྲིས་པར།

lob_pen_2སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་གསུང་དོན། “རྒྱ་ནག་གཞུང་ལ་ལན་ཐེབས་ཐེབས་པ་རེད་བསམ་གྱི་འདུག ༧གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་ནས། སྲིད་སྐྱོང་འདེམས་ཀྱི་ཡོད་པ་རེད་ལ། གྲོས་ཚོགས་འཐུས་མི་འདེམས་ཀྱི་ཡོད་རེད། རྒྱ་ནག་གཞུང་གིས་ལག་ལེན་བསྟར་མ་ཐུབ་པ་ཞིག་བཙན་བྱོལ་ནང་ང་ཚོས་ལག་ལེན་བསྟར་གྱི་ཡོད་རེད། དེ་དགའ་སྤོབས་བྱེད་དགོས་པ་ཞིག་རེད། ཁོང་ཚོས་ང་ཚོའི་འཛིན་སྐྱོང་ལ་ཐེ་ཇུས་བྱས་ཏེ་ཅིག་འགྲིག་གི་མི་འདུག ཉིས་འགྲིག་གི་མི་འདུག་ཟེར་གྱི་ཡོད་ན། རྒྱ་ནག་གཞུང་ལ་དེ་འདྲའི་གདེངས་ཚོད་ཡོད་ན། བོད་ནང་འོས་བསྡུ་བྱས་དང་། འོས་བསྡུའི་ནང་བོད་མི་སུ་ཞིག་ལངས་ནའང་རེད། རྒྱ་མི་སུ་ཞིག་ལངས་ནའང་རེད། བོད་པ་མི་དེར་འོས་ཐོབ་ཀྱི་རེད། རྒྱ་ནག་གཞུང་ལ་ང་ཚོའི་མང་གཙོའི་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་ཐོབ་ཐང་ཡོད་པ་མ་རེད། གཞི་ཡོད་པ་མ་རེད། ངས་ཆོབ་དང་སྦྲགས་ནས་བཤད་ཀྱི་ཡོད། ང་བློ་བཟང་སེང་གེ་མི་ཕལ་པ་ཞིག་དང་། རྒྱ་ནག་གཞུང་གི་ཞི་ཅིན་ཕེན་དང་། ཅང་ཙི་མེན་ལངས་ནའང་། ང་ལ་འོས་ཐོབ་ཀྱི་རེད། གང་ཡིན་ཟེར་ན་བོད་ནང་བོད་མི་ཚོར་སོ་སོའི་མི་རིགས་ཀྱི་འགོ་ཁྲིད་འདེམས་རྒྱུའི་འདོད་པ་ཡོད་རེད། མང་གཙོ་དགོས་ཀྱི་ཡོད་པ་རེད། ལན་འདེབས་ང་ཚོས་མང་གཙོ་ལག་བསྟར་བྱས་ནས་འགྲོ་བ་དེས་འགྲིག་ཡོད་རེད། ཡིན་ཡང་ཡ་རབས་བཟང་སྤྱོད་དགོས་པ་གལ་ཆེན་པོ་རེད། དེ་མ་བྱས་ན་དགྲ་དགའ་གཉེན་སྡུག་ཆགས་ཀྱི་རེད་ཅེས་ངས་གང་སར་བཤད་བསྡད་ཡོད། ང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཡང་། མི་བྱེད་མཁན་ཡིན་ཡང་ཡ་རབས་བཟང་སྤྱོད་ཐོག་འགྲོ་དགོས་རེད་ལབ་བསྡད་ཡོད། ཚད་དང་ལྡན་པའི་མང་གཙོ་དང་ཡ་རབས་བཟང་སྤྱོད་ཡོད་ན། འཛམ་གླིང་ལ་ངོམ་ཆོག་པའི་མང་གཙོ་ཆགས་ཀྱི་རེད་”ཅེས་གསུངས་སོང་།

སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་གསུང་དོན། “ང་ཚོས་ལས་ཀ་ག་རེ་བྱས་ཀྱང་རྒྱ་ནག་གཞུང་ལ་ལག་ཆ་མ་ཆགས་པར་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། མང་གཙོའི་ལམ་སྲོལ་འགྲོ་ཡི་ཡོད་ཅེས་ཚང་མར་གང་འདོད་འདོད་བཤད་རྒྱུ་དང་། དངོས་ཡོད་ཀྱི་གནས་སྟངས་མ་ཡིན་པའི་སྒྲོ་བཏགས་ནས་བཤད་རྒྱུ་དང་། གཅིག་གིས་གཅིག་ལ་སྡིག་ར་སྐུལ་བ་སོགས་མང་པོ་ཞིག་བྱས་བསྡད་ན། གཞན་པས་ང་ཚོའི་མང་གཙོར་སྐྱོན་འདོགས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་དུས། སོ་སོ་ཡིན་ན་སྔོན་འགྲོའི་སྐབས་སུ་གཅིག་ལ་སྐྱོན་བརྗོད་མ་བྱས་པར་ཕྱིན་པ་ཡིན། དངོས་གཞིའི་སྐབས་ཡིན་ནའང་དངོས་ཡོད་གནས་སྟངས་དང་མཐུན་པའི་ལས་དོན་མ་འགྲིག་པ་དེ་ཚོ་ཞུ་ཞོར་ཕྱིན་པ་ལས། དངོས་ཡོད་གནས་སྟངས་དང་མ་མཐུན་པའི་གནད་དོན་གང་ཡང་ཞུས་མེད། ཡིན་ཡང་རྗེས་སུ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་ཀྱིས་ཁོང་ལ་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱས་འདུག་ཅེས་ཕེབས་ནས། ཚུར་གཞི་མེད་ཀྱི་སྐྱོན་བརྗོད་མང་པོ་གནང་ནས། ཕྱོགས་གཅིག་གིས་དེ་འདྲ་གནང་གི་ཡོད་དུས་ང་ཡང་ཁ་བཙུམ་ནས་བསྡད་ན་འགྲིག་ས་མ་རེད་བསམ་ནས། དངོས་ཡོད་གནས་ཚུལ་གང་ཡིན་བཤད་ཞོར་འགྲོ་བསྡད་ཡོད། དེ་འདྲའི་གནས་སྟངས་ལ་སླེབས་རེད། ང་སོང་ས་དེ་ཚོར་སྐུ་ངོ་ཕེབས་ཀྱི་འདུག དེ་རྗེས་ང་ལ་བཤད་རྒྱུའི་གོ་སྐབས་ཡོད་པ་མ་རེད། དུས་ཚོད་ཀྱིས་འདང་གི་མི་འདུག  ང་ཚོ་སོ་སོས་བཟང་སྤྱོད་དེ་ཚོ་བཤད་སྐབས། སོ་སོའི་ངོས་ནས་བཟང་སྤྱོད་དང་དངོས་ཡོད་ག་ཚོད་བཤད་ཀྱི་ཡོད། ཧམ་པ་ག་ཚོད་བཤད་ཀྱི་ཡོད་སོ་སོས་དགོངས་པ་བཞེས་རྒྱུ་རེད་”ཅེས་གསུངས་སོང་།

དྲི་བ་༢། དུས་འཁོར་དབང་ཆེན་ཕྱིར་འགྱངས་སྐོར་སྐད་ཆ་མང་པོ་རེད། ཝ་ར་ན་སིར་ཚོགས་གཙོའི་སྐད་ཆའི་བརྒྱུད་རིམ་ལ་བལྟས་ན་སྐུ་སྒེར་དྲུང་ཆེ་ཡིན་པའི་བཟོ་འདྲའི་བཀའ་མོལ་མང་པོ་སླེབས་ཡོང་གི་འདུག སྐུ་སྒེར་གྱི་གསང་བ་དེ་ཚོགས་གཙོས་ག་འདྲ་ཧ་གོ་རེད། དེའི་ཐོག་ཚོགས་གཙོས་འགྲེལ་བཤད་གནང་རོགས་ཞེས་དྲིས་པར།

lob_pen_3སྤེན་པ་ཚེ་རིང་གིས་གསུང་དོན། “ངས་བརྒྱུད་རིམ་ཞིག་འགྲེལ་བཤད་མ་བརྒྱབ་ཀ་མེད་ཆགས་པ་རེད། དཔལ་ལྡན་བཀའ་ཤག་གིས་(༢༠༡༤ ལོ་)ཕྱི་ཟླ་༨ ཚེས་༣༡ ཉིན་དུས་དབང་ཕར་འགྱངས་དགོས་པའི་རྒྱུ་མཚན་གསལ་བསྒྲགས་གནང་བ་རེད། དེ་རྗེས་ཕྱི་ཟླ་༢ པའི་ཚེས་༥ ཉིན་གསལ་བསྒྲགས་གཅིག་གནང་རེད། དེའི་ནང་དོན་རྩ་བའི་མ་ཤེས་པ་ཡོད་པ་མ་རེད། དེའི་སྐབས་ཀྱི་གནས་སྟངས་དང་ད་ལྟའི་གནས་སྟངས་དེ་ཚོ་རྒྱུ་མཚན་འགྲེལ་བཤད་ག་འདྲ་བརྒྱབ་འདུག ངས་ཕྱི་ཟླ་༡ པོའི་ཚེས་༡༦ བར་རྩ་བ་ནས་བཤད་མེད། ཡིན་ཡང་མང་ཚོགས་ནང་དྲི་བ་བཏང་དུས། ངས་དེའི་གནས་བབས་ཟླ་དུས་ཚེས་གྲངས་ནས་ཤེས་ཀྱི་ཡོད། ཡིན་ནའང་རྒྱལ་བ་རིན་པོ་ཆེས་བཀྲ་ཤིས་ལྷུན་པོར་བཀའ་དེ་གནང་ཡོད་པས། ངས་བཤད་རྒྱུ་མིན་ལབ་རེད། དེ་རྗེས་མེ་ནི་སོ་ཊ་ནས་ཆེད་མངགས་མི་གསུམ་ཞིག་གིས་ཁྱེད་རང་གིས་རྩ་བའི་ཆིག་སྒྲིལ་བཤད་ཀྱི་འདུག ཡིན་ཡང་ཁྱེད་རང་གིས་སྐད་ཆ་བཤད་སྟངས་ཁ་ཤས་ཀྱིས་མང་ཚོགས་ནང་ཆིག་སྒྲིལ་མེད་པ་བཟོ་ཡི་འདུག་ཅེས་ཨུ་ཚུགས་མཐའ་ནན་བྱས་ཏེ། ཁྱེད་རང་གིས་སྐད་ཆ་དེ་བཤད་ན་འགྲིག་གི་མི་འདུག་མདོག་མདོག་བྱས་པས། ངས་བརྒྱུད་རིམ་དེའི་སྐོར་ཕྲན་བུ་བཤད་རེད། ནང་དོན་ཆ་ཚང་བཤད་ཡོད་པ་མ་རེད། དེ་འདྲ་ཞིག་གིས་འགྲིག་ས་རེད་བསམ་རེད། ཁྱེད་རང་གི་དྲི་བ་དེའི་ནང་དོན་སྐོར་ལ་གནས་ཚུལ་མང་པོ་ཡོད་རེད། རྗེས་སུ་ངས་བཤད་རྒྱུ་ཡིན། དེ་རིང་དུས་ཚོད་ཀྱིས་འདང་ས་མ་རེད། ཡིག་ཆ་དང་བཅས་པ་ཞུ་ཡིན། དགའ་ལྡན་ཕོ་བྲང་ནས་སུས་བཤད་པ་ཡིན་རྣམ་པ་ཚོས་མཁྱེན་དགོས་པ་མ་རེད། ང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་པ་ཞིག་རེད། གནས་ཚུལ་ག་འདྲ་ཞིག་ཡིན་ན་སུའི་ས་ནས་ག་འདྲ། ག་དུས་ཤེས་དགོས་པ་དེ་ངའི་ལས་འགན་རེད། འདིས་བཤད་སོང་། འདིས་བཤད་མ་སོང་ཞེས་ངས་དེ་རིང་མང་ཚོགས་ལ་བཤད་དགོས་པ་རྒྱུ་མཚན་མཐོང་གི་མི་འདུག གནས་ཚུལ་དེ་དངོས་ཡོད་རེད་དང་མ་རེད་དང་། དེ་ཡང་དགའ་ལྡན་ཕོ་བྲང་གིས་གསང་བ་ཡིན་ཞེས་བཤད་བཞག་པ་དེ་འདྲ་གང་ཡང་མ་རེད་”ཅེས་གསུངས་སོང་།

བློ་བཟང་སེང་གེས་དེའི་ཐོག་འགྲེལ་བརྗོད་གནང་དོན། “དེའི་སྐོར་བཀའ་ཤག་ནས་གསལ་བཤད་གྲུབ་པ་ཡིན། ཚེས་༢༩ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་མར་ཕེབས་ནས་སྲིད་སྐྱོང་དང་བཀའ་བློན་ལ་མཇལ་ནས་བཀའ་བསྡུར་ག་རེ་བྱུང་བ་དེ་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ནང་བཏང་བཞག་ཡོད་པ་དེ་རང་ཡིན། ཚེས་༢༩ སྔོན་ལ་ག་རེ་བྱུང་མིན་བཀའ་ཤག་དང་འབྲེལ་བ་མེད། ཚེས་༢༧ དང་༢༨ ལ་བཀའ་ཤག་གིས་དགའ་ལྡན་ཕོ་བྲང་ལ་གང་ཡང་ཞུས་མེད། དགའ་ལྡན་ཕོ་བྲང་གིས་གང་ཡང་གསུངས་མ་སོང་ཞེས་ཉེ་ཆར་ཚོགས་གཙོས་ཕྱག་ཡིག་གནང་བ་ལ་ལན་ཕུལ་ཡོད། ༧གོང་ས་མཆོག་གིས་བཀྲ་ཤིས་ལྷུན་པོར་སྨན་བཅོས་ཆེད་དུ་དུས་འཁོར་དབང་ཆེན་ཕར་འགྱངས་གནང་བ་རེད་གསུངས་པ་དེ་རང་རེད། མཱེ་ནེ་སོ་ཊར་རྡོ་རྗེ་གནན་དང་སོག་པོ་ལ་དུས་དབང་གཉིས་ཀྱི་ཐོག་མར་དགོངས་པ་ཡོད་དེ། གཉིས་ཀ་ཕར་འགྱངས་གནང་བ་ཡིན་གསུངས་ཡོད་པས། ཆབ་སྲིད་དང་འབྲེལ་བ་ཡོད་ན། སོག་པོའི་དུས་དབང་ཕར་འགྱངས་གནང་དགོས་ཀྱི་མི་འདུག་ཨ། མདོར་བསྡུས་ན་༧གོང་ས་མཆོག་གི་གསུང་པ་དེར་ཡིད་ཆེས་གནང་གི་ཡིན་དང་། ཚོགས་གཙོས་གསུང་པ་དེར་ཡིད་ཆེས་གནང་གི་ཡིན་”ཞེས་གསུངས་སོང་།

དྲི་བ་༣། ཚོགས་ཞུགས་པས་རྣམ་པ་གཉིས་ཀྱི་བཀའ་མོལ་ནང་འཐབ་རྩོད་སྐོར་ཞེ་དྲག་གསུང་གི་མི་འདུག སོ་སོའི་རྐུབ་བཀྱགས་ཆེད་རྒྱ་བལ་འབྲུག་གསུམ་ནང་ནས་འོས་རག་གི་ཡོད་པས། དེའི་ནང་ཅིག་བྱེད་རྒྱུ་ཡིན་ཟེར་གྱི་འདུག བོད་ནང་བཙོན་པ་ག་ཚོད་ཡོད་རེད། འཐབ་རྩོད་ག་འདྲ་ཡོད། མངོན་འདོད་ག་རེ་རེད། དེ་རྒྱལ་སྤྱིའི་ཐོག་ག་འདྲ་སྐྱེལ་རྒྱུ་ཡིན། རྒྱ་ཆེའི་མི་མང་གི་མངོན་འདོད་ག་འདྲ་སྒྲུབ་ཀྱི་ཡིན། མ་འོངས་པར་དེའི་ཐོག་ག་རེ་གནང་གི་ཡིན། ང་ཚོ་འཐབ་རྩོད་ཀྱི་སྐྱབས་བཅོལ་བ་རེད་ཅེས་དྲིས་པར།

lob_pen_1བློ་བཟང་སེང་གེས་གསུང་དོན། “ང་ནིའུ་ཡོག་ནས་ཊོ་རན་ཊོ། གཞིས་ཆགས་ཚང་མར་འགྲོ་དུས་ད་ཐེངས་ཀྱི་སྲིད་སྐྱོང་འོས་བསྡུའི་བགྲོ་གླེང་དེ་ངས་བློ་ཕམ་པ་འདུག་ལབ་པ་ཡིན། ས་ཆ་གང་ལ་སོང་ནས་ག་རེ་བཤད་ལབ་དུས། ཚང་མས་གསལ་བཤད་བྱེད་རོགས་གྱིས། ༧གོང་ས་མཆོག་ལ་མཛད་དཀའ་རེད་དམ། ཨ་རིའི་དོན་ཁང་ལ་སྐུ་མདུན་གྱི་སྐུ་པར་ཕབ། སྲིད་སྐྱོང་གི་པར་ཡར་བཞག་ཡོད་རེད་དམ་ཞེས་དྲི་བ་འདི་འདྲ་རེད། སྲིད་སྐྱོང་བགྲོ་གླེང་ཟེར་དུས་རྒྱལ་སྤྱིའི་ནང་ག་རེ་བྱེད། འཐབ་རྩོད་ཐོག་ག་རེ་བྱེད། རྒྱ་ནག་སྐོར་ལ་ག་རེ་བྱེད། ཆབ་སྲིད་ཐོག དཔལ་འབྱོར་ཐོག འཕྲོད་བསྟེན་ཐོག་ག་རེ་བྱེད་ཟེར་ནས་ཚད་མཐོན་པོ་དགོས་པ་རེད་ཨ། ༢༠༡༡ ལོའི་བགྲོ་གླེང་དང་བསྡུར་ན་ད་ལྟ་བགྲོ་གླེང་དེ་མི་འདུག  ངས་ཆུ་ཚོད་༣ བཏང་ན། ཆུ་ཚོད་༢ གསལ་བཤད་རྐྱང་རྐྱང་རེད། ཚོགས་གཙོས་དེ་གསུངས་འདུག དེ་མ་རེད། དེ་མ་རེད་ཅེས་གསལ་བཤད་རྐྱང་རྐྱང་རེད། གཞིས་ཆགས་ཁག་དེ་ཚོར་ཨ་རིའི་དོན་གཅོད་ཁང་པ་གསར་པ་ཉོས་རེད། ཕྱི་རྒྱལ་གྱི་ཁང་པའི་ནང་སྐུ་པར་ཡོད་པ་མ་རེད། སྐུ་མདུན་གྱི་སྐུ་པར་མར་ཕབ། སྲིད་སྐྱོང་གི་པར་ཡར་བཞག་པ་ཡོད་མ་རེད་ཟེར་དུས། ཨ་ཙི། དེ་འདྲ་རང་གི་པར་བསྟན་ཡོང་གི་འདུག ཉེ་ཆར་ཡང་ལ་དྭགས་ལ་སྲིད་སྐྱོང་དོལ་རྒྱལ་དང་འབྲེལ་བ་ཡོད་པ་རེད་ཅེས་པར་ཚོན་ཁྲ་ཡོད་པ་ཞིག་བཀྲམ་ཡོང་གི་འདུག ཁ་མདོགས་འདི་རེད། སྐུ་པར་ཕབ་རེད་ཟེར་གྱི་འདུག་ཟེར། སང་ཉིན་ཡང་ཚེས་༡༤ ལ་ང་དེ་གསལ་བཤད་བྱེད་སར་འགྲོ་དགོས་རེད། ཆབ་སྲིད་བཙོན་པ་ད་ལྟ་༢༠༠༠ ལྷག་བོད་ནང་ཡོད་རེད།   རྩ་དོན་རྩོད་ཀྱི་ཡོད་པ་དང་། རང་སྲོག་གཏོང་གི་ཡོད་རེད། དེའི་ཐོག་ང་ཚོས་ག་རེ་བྱེད་ཀྱི་ཡོད་རེད། རྒྱལ་སྤྱིའི་ནང་ག་རེ་བྱེད་ཀྱི་ཡོད་རེད། བཀའ་ཤག་གིས་འདིའི་ཐོག་བྱས་ཡོད། དེའི་ཐོག་བཤད་རྒྱུའི་གོ་སྐབས་རག་གི་མི་འདུག གསལ་བཤད་རྐྱང་རྐྱང་དགོས་ཀྱི་འདུག དེ་རིང་གི་དྲི་བ་མང་ཆེ་གསལ་བཤད་རྐྱང་རྐྱང་རེད། དེ་བློ་ཕམ་པའི་གནས་ཚུལ་རེད། ཕྱོགས་ཞེན་རྐྱང་རྐྱང་རེད། དབུས་གཙང་ཡིན། ཨ་མདོ་ཡིན། དེ་འདྲ་རྐྱང་རྐྱང་ཐོག་གསལ་བཤད་རེད།  ༢༠༡༡ ལོར་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་བར་སྐྱོན་བརྗོད་གཅིག་ཀྱང་མེད། གསལ་བཤད་དགོས་པ་མེད། སོ་སོས་བྱེད་དགོས་པ་དེ་བྱས་ནས་མི་མང་གི་རྒྱབ་སྐྱོར་རག་མིན་བལྟས་ནས་སོང་བ་ཡིན། ད་ལོ་གསལ་བཤད་རྐྱང་རྐྱང་རེད། དེ་བློ་ཕམ་པའི་གནས་ཚུལ་རེད་”ཅེས་གསུངས་སོང།

སྤེན་པ་ཚེ་རིང་གིས་གསུང་དོན། “སྔོན་འགྲོའི་སྐབས་ཡིན་ན་སུ་གཅིག་ལ་སྐྱོན་བརྗོད་བྱས་ནས་སོང་མེད། དངོས་གཞིའི་སྐབས་ཡིན་ནའང་། སོ་སོས་ག་རེ་བྱེད་རྒྱུ་ཡིན་པ་བཤད་ནས་སོང་ཡིན། ངས་སྐད་ཆ་བཤད་བཞག་པ་དེ་ཚོར་གཟིགས་དང་། ངས་ཆབ་སྲིད་ཀྱི་ཐོག་དུས་ཚོད་ག་ཚོད་བཏང་འདུག འདི་དང་འདི་བྱེད་རྒྱུ་ཡིན་ཞེས་སོང་བ་ལས། སྐྱོན་བརྗོད་རྐྱང་རྐྱང་བྱས་ནས་སོང་མེད། འུར་ལངས་མཁན་ཡོང་གི་ཡོད་རེད། ཨ་རིའི་དོན་ཁང་གི་སྐུ་པར་སྐོར་དང་། དོལ་རྒྱལ་སྐོར་སྲིད་སྐྱོང་གིས་འདི་འདྲ་གནང་དང་མ་གནང་ངས་ཚིག་གཅིག་བཤད་རྒྱུ་མ་བྱུང་། དེ་སུས་བཟོས་ཡོད་ལྟ་རྒྱུ་རེད། ཆབ་སྲིད་ཀྱི་སྐོར་ལ་བཤད་རྒྱུའི་གོ་སྐབས་རག་གི་མི་འདུག་ཟེར། ང་ས་གནས་ལ་འགྲོ་བ་དང་། རླུང་འཕྲིན་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ང་ལ་འབྲེལ་བ་བྱས་སོང་། ངས་དུས་ཚོད་ཕུལ་རྒྱུ་ཡིན་ལབ་པ་ཡིན། དེའི་སྐབས་སྲིད་སྐྱོང་འོས་མི་ཁོང་གིས་དུས་ཚོད་གནང་ཡོད་པ་མ་རེད། དེ་རྗེས་བགྲོ་གླེང་ཡོང་མིན་ང་ལ་སྐད་ཆ་དྲིས་དུས། སྲིད་སྐྱོང་གི་དུས་ཚོད་གནང་ན་ངས་ནི་དུས་ཚོད་ཕུལ་བཞག་ཡོད་ཟེར་དུས། རྗེས་སུ་ཡང་སྲིད་སྐྱོང་གིས་ངས་ཚེས་༢༧ ལ་མང་གཙོ་ཚོགས་པར་སྤྲད་ཡོད། ཚོགས་གཙོས་སྤྲད་ཀྱི་ཡོད་མེད་ཧ་གོ་མ་སོང་ཞེས་སྐད་ཆ་དེ་འདྲ་འདུག དེ་རིང་དྲི་བ་ཡང་དེ་འདྲ་བཏང་བསྡད་ཡོད་རེད། དྲི་བའི་ངོ་གདོང་ལ་ལན་མ་བཏབས་ན་ག་རེ་ལན་འདེབས་དགོས་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share on Facebook26Tweet about this on TwitterShare on Google+5Share on LinkedIn0Email this to someone
0 commentsViews: 118

Leave a Reply