སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱི་གསར་འགོད་ལྷན་ཚོགས་ཐོག་གི་དྲིས་ལན།

ཟླ་འདིའི་ཚེས་༣ ཉིན་༢༠༡༦ ལོའི་སྲིད་སྐྱོང་འོས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས། ཁོང་གི་ལས་འཆར་དང་འབྲེལ་བའི་ཐོག་བོད་པའི་གསར་འགོད་པ་ཁག་ཅིག་གིས་དྲི་བ་བཏང་བའི་དྲིས་ལན་ཁག་ཅིག

lhukar2དྲི་བ། ཁྱེད་རང་གི་ཆབ་སྲིད་ལངས་ཕྱོགས་རང་བཙན་ཡིན་པ་གསལ་པོ་དང་། བཙན་བྱོལ་གཞུང་གི་ལངས་ཕྱོགས་ དབུ་མའི་ལམ་དེ་ཁ་ཡོད་ལག་ཡོད་ལ་གཟིགས་ནས་ད་ལྟ་ལྷག་བསྡད་ཡོད་པ་རེད། དེ་གཉིས་ཚུར་བསྡོམས་རྒྱུར་ལོ་གཅིག་གཉིས་ནང་ཁྱེད་རིང་གིས་གནང་ཐུབ་ཀྱི་རེད་དམ། ག་འདྲ་གནང་གི་ཡིན་ནམ།
ལན། སྤྱིར་བཏང་བཙན་བྱོལ་བོད་གཞུང་དེ་ངོ་བོ་གཉིས་རེད། ཨ་མ་དེ་རྒྱལ་ཁབ་ཤོར་སོང་བའི་གཞུང་ཞིག་བཙན་བྱོལ་ལ་སླེབས་པ་ཡིན་པས། རབ་བྱུང་ན་དམིགས་ཡུལ་དེ་བསྐྱར་གསོ་དགོས་པ་རེད། དོན་དག་གཉིས་པ་དེ་འདིར་བོད་ཀྱི་ཡུལ་མི་འབུམ་གཅིག་ལྷག་ཡོད་པ་དེའི་ལྟོ་རྒྱབ་ཀྱི་གནད་དོན་ལ་འགན་ཁུར་དགོས་པ་རེད། ང་དང་ངའི་འཛིན་སྐྱོང་ཡར་སླེབས་པའི་ཉིན་མོ་དེར་འདིར་གཞུང་གི་ལས་བྱེད་དྲུག་བརྒྱ་བདུན་བརྒྱ་ཞིག་ཡོད་པ་དང་། བཀའ་བློན་རྣམ་པ་ཚང་མས་བསྟན་འཛིན་བརྩོན་འགྲུས་ནང་བཞིན་མགོར་རས་དམར་པོ་བརྡམས། རྒྱབ་ཁུག་ཁུར་ནས་རང་བཙན་འཐབ་རྩོད་བྱེད་གི་ཚང་མ་རྒྱུག་འཇོག་དགོས་པའི་གནས་སྟངས་ཤིག་མ་རེད་བསམ་གྱི་འདུག ཡིན་ནའང་གཞུང་འདིས་དབུ་མའི་ལམ་ཁ་ལ་ཁུར་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནག་བསུབ་གཏོང་འཇུག་གི་མ་རེད། ངའི་གཞུང་གི་ནུས་པ་དང་པོ་དེ་ཡོད་རེད། གཉིས་པ་དེ་གཞུང་གི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་རྨང་གཞི་དེ་རྒྱ་མི་མཉམ་པོར་གྲོས་མོལ་བྱེད་རྒྱུ་དེ་ཡིན་ཟེར་གྱི་ཡོད་པ་རེད། རྒྱ་མི་མཉམ་པོར་གྲོས་མོལ་བྱེད་རྒྱུར་སོ་སོ་སྒེར་ལ་གདེངས་ཚོད་ག་འདྲ་འདུག རྒྱ་མི་དང་གྲོས་མོལ་བྱས་ནས་ད་ལྟ་བར་དུ་གྱོང་ག་ཚོད་རག་འདུག སྟོབས་ཤུགས་འདྲ་མཉམ་མེད་པའི་གཞུང་གི་བར་གྲོས་མོལ་བྱས་པ་ལོ་རྒྱུས་ཐོག་ནས་བལྟས་ན། སྔོན་མ་ཧྥ་རིན་སི་དང་འཇར་མི་ནི་བར་གྲོས་མོལ་བྱས་ནས་ག་རེ་རག་འདུག རྒྱ་གར་གྱིས་དབྱིན་ཇི་ལ་གྲོས་མོལ་བྱས་ནས་ག་རེ་རག་འདུག བོད་པ་ལ་ཡང་ཧ་སུ་པན་ཌི་ཡབ་ནས་ (1904ལོ་ལ་དབྱིན་བོད་དམག་འཁྲིག་སྐབས)དམག་རྒྱག་སྐབས་ག་རེ་རག་སོང་། གྲོས་མོལ་བྱས་པ་རེད། རྒྱ་ནག་ལ་རྒྱལ་ཁབ་བརྒྱད་ཀྱིས་དམག་རྒྱག་སྐབས་གྲོས་མོལ་བྱས་པ་རེད། ཉམས་ཆུང་བ་ཡིས་སྟོབས་ཆེ་བའི་ཕྱོགས་ལ་གྲོས་མོལ་བྱས་དུས། བོད་རྒྱ་ཞི་མོལ་གྱི་སྲིད་ཇུས་དེ་ཡང་རྣམ་གྲངས་ཁག་ཅིག་ལ་དབྱེ་དགོས་པ་རེད། དེའི་སྐོར་ངས་མི་མང་ནང་ཞིབ་ཕྲ་བཤད་རྒྱུའི་འཆར་གཞི་ཡོད། རྒྱ་ནག་གཞུང་དང་ང་ཚོས་འབྲེལ་མོལ་གྱི་རྣམ་པའི་ཕན་ཐོགས་ཀྱི་ཡོད་ན། དེ་བརྒྱ་ཆ་བརྒྱ་བྱེད་རྒྱུ་ཡོད་པ་མ་རེད་ཟེར་གྱི་ཡོད་པ་མ་རེད། འབྲེལ་མོལ་གང་ཞིག་ཡིན་ནའང་བོད་མི་རིགས་ཀྱི་ཆེ་མཐོང་དང་སྤོབས་པ། སོ་སོའི་བླ་མ་བཙོང་པའི་གཞིར་བཞག་པའི་ཐོག་ནས་ང་ཚོས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ལམ་དབུ་མའི་སྲིད་ཇུས་དང་། རང་བཙན་རྩོད་ཀྱི་མེད་ཟེར་བ་དེ་ཚོ་ཁ་ཡོད་ལག་ཡོད་ཀྱིས་འགྲོ་ཡི་མེད་ན། སྲིད་སྐྱོང་གི་ངོས་ནས་ཟེར་ནའང་རེད། གཞུང་གི་ངོས་ནས་ཁྲིམས་འཆར་བཟོས་ཏེ་གྲོས་ཚོགས་ལ་ཕུལ། ངས་ནི་བོད་རྒྱ་ཞི་མོལ་ཡོང་ཐུབ་ཀྱི་མི་འདུག རྒྱ་ནག་གི་གནས་སྟངས་འདི་འདྲ་རེེད་ཞུས་ན། གྲོས་ཚོགས་ཀྱིས་ཀྱང་དགོངས་པ་བཞེས་ཀྱི་རེད་བསམ་གྱི་འདུག ཡིན་ན་ཡང་དེའི་སྔོན་ལ་དབུ་མའི་ལམ་དང་འབྲེལ་བའི་བཙན་བྱོལ་ནང་བྱེད་དགོས་པ་མང་པོ་བསྡད་ཡོད་པ་དེ་འབུམ་མང་པོ་བཏང་ནས་སོ་སོའི་མི་རིགས་ཀྱི་གླད་པ་འཁྲུ་བ་ཟེར་ནའང་རེད། དབུ་མའི་ལམ་ཁྱབ་བསྒྲགས་བྱས་ཏེ་གཞིས་ཆགས་ཁག་གི་སྤོ་རྨོ་ཚོ་སྡོད་མི་བཅུག་པ་དང་། སློབ་གྲྭ་ཁག་གི་ནང་ཕྲུ་གུ་ཆུང་ཆུང་དང་འཛིན་གྲྭ་བཅུ་གཉིས་མར་ཟུང་ལ་དབུ་མའི་ལམ་བཤད་བསྡད་ཡོད་པ་དེས་ག་རེ་ཕན་ཐོགས་ཡོད་ཧ་གོ་ཡི་མེད། དེ་འདྲའི་འགྲོ་སོང་གཏོང་བ་ལས་རྒན་གསོ་ཁང་གི་གསང་སྤྱོད་རྒྱག་རྒྱུ་དང་། སློབ་ཕྲུག་ཚོའི་ཁ་ལག་རྡ་ལི་གཅིག་པུ་སྤྲོད་མི་དགོས་པར། འཚོ་བཅུད་ཐོག་ལ་གཏོང་རྒྱུ་ལས། ངས་དབུ་མའི་ལམ་གྱི་ཐོག་འགྲོ་སོང་མང་པོ་ཞིག་འཕྲོ་བརླག་གཏོང་གི་མིན་ཞེས་གསལ་པོ་བཤད་རྒྱུ་ཡིན།

དྲི་བ། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་དུ་བསྒྱུར་ནས་ཡུན་རིང་རེད། དེང་སྐབས་བོད་མི་མང་པོ་ཞིག་གིས་སྲིད་སྐྱོང་ལ་རང་བཙན་འཐབ་རྩོད་པ་ཞིག་ལངས་ས་ཡོད་པ་མ་རེད་བསམ་པའི་གནས་སྟངས་རེད། རང་བཙན་བཤད་མཁན་ཞིག་ལ་སྲིད་སྐྱོང་གི་གོ་སྐབས་དེ་རག་ན་ཐོག་མར་རྒྱ་ནག་གཞུང་ལ་ལན་ག་རེ་སྤྲོད་རྒྱུ་ཡིན་ནམ།
lhukar3ལན། ང་རང་བཙན་འཐབ་རྩོད་པ་ཞིག་སྲིད་སྐྱོང་ལ་ཐོབ་པ་ཙམ་གྱིས་རྒྱ་ནག་གཞུང་ལ་ལན་ཞིག་འཕྲོད་པ་རེད། སྐལ་བ་བཟང་པོ་དེ་འདྲ་ཡོད་མེད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་ལ་བལྟ་རྒྱུ་རེད། ངས་མི་མང་ལ་རེ་བ་བརྒྱབ་ཡོད། རྒྱ་ནག་གཞུང་ལ་ལན་འདི་འདྲ་ཞིག་ཐེབས་དགོས་ཀྱི་ཡོད་རེད། ང་སྲིད་སྐྱོང་ལ་སླེབས་པའི་དང་པོ་དེར་མཁས་དབང་བློ་བཟང་སེང་གེ་སྲིད་སྐྱོང་ལ་ཐོབ་པ་ནས་རླངས་འཁོར་ཐོག་གློག་དམར་པོ་ཞིག་ཡོད་པ་དེ་ང་ལ་མི་དགོས། གཉིས་པ་དེ་ང་སྲིད་སྐྱོང་ལ་ཐོབ་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོག་ལ་འཛུལ་རྒྱུ་དེ་རྒྱལ་ཁབ་ཀྱི་ངོ་ཚ་ཡིན་པས། ངའི་ལས་ཀ་དང་པོ་དབུས་བོད་མིའི་སྒྲིག་འཛུགས་དེ་ཡང་བསྐྱར་བཙན་བྱོལ་བཞུང་ལ་བསྒྱུར་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན། དེ་ལ་རྒྱ་གར་གཞུང་གི་གནོན་ཤུགས་འདུག་ཟེར་གྱི་ཡོད་པ་རེད། གནོན་ཤུགས་ཡོད་ན་ཆ་ཚང་ཁུར་རྒྱུ་ཡིན། མཐའ་མཇུག་དེར་སྲིད་སྐྱོང་གི་མིང་ཐོག་ནས་ངའི་མགོ་རྒྱ་གར་གྱི་ཁྲིམས་ཐོག་ལ་འཇོག་དགོས་ནའང་འཇོག་གི་ཡིན། དེས་ཀྱང་རྒྱ་མི་ལ་ལན་ཞིག་འཕྲོད་ཀྱི་རེད། བོད་མི་རིགས་ཀྱི་སེམས་ཤུགས་འདི་རྩེད་མོ་རྩེ་བྱེད་མིན། ཚོང་པ་བརྒྱག་པ་ཞིག་གི་དངུལ་ཁུག་རྒྱང་བྱེད་ཀྱང་མ་རེད།
དྲི་བ། རང་བཙན་འཐབ་རྩོད་པ་ལྟ་བ་མཁྲེགས་པོ་ཡོད་མཁན་ཞིག་ཁྱེད་རང་རེད། དེ་ན་ཁྱེད་ལ་འོས་ཐོབ་པའི་གདེངས་ཚོད་ག་ཚོད་ཡོད་དམ།
ལན། ང་ལ་འོས་ཐོབ་པའི་གདེངས་ཚོད་གང་འཚམས་ཡོད། ང་ལ་མ་ཐོབ་ནའང་གྱོང་མེད། ཐོབ་དགོས་པའི་སྐབས་ལ་སླེབས་ཡོད་རེད། རྒྱུན་མཚན་སྒང་ནས་སྡོད་མཁན་ཚོར་ངོ་ཚ་མེད་ན། རྒྱ་ཆེའི་མི་མང་འུ་ཐུག་རྒྱུ་ཡོད་པ་རེད་ལ། འུ་ཐུག་ཡོད་པ་རེད་བསམ་གྱི་འདུག ང་འུ་ཐུག་བསྡད་ཡོད་པའི་ནང་གི་གཅིག་ཡིན། བོད་རྒྱ་ཞི་མོལ་བསྒུག་བསྡད་ཡོད་པ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུར་བསྒུག་བསྡད་ཡོད་པ། རང་ལུས་མེར་སྲེག་བརྒྱ་དང་བཞི་བཅུ་ལྔ་བཅུར་ཟིན་པའི་གྲངས་ཀ་བརྩིས་བསྡད་ཡོད་པའི་མི་མང་། ཕུགས་བསམ་དང་རེ་བ་ཟད་ནས། བོད་ནས་སླེབས་པ་ཚོ་གཞན་ཞིག་ལ་འབྲོ་ཐབས་གཅིག་པུར་བསམ་བློ་བཏང་བསྡད་ཡོད་པའི་སྐབས་འདིར་ངའི་རྒྱབ་ལ་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག

དྲི་བ། བོད་མི་ཡོངས་ཀྱི་མགོན་སྐྱོབས་ལྟ་བུ་དེ་རྒྱལ་བ་རིན་པོ་ཆེ་ཆགས་བསྡད་ཡོད་པ་རེད། ཡིན་ཡང་བར་ལམ་ཞིག་ནས་ཁྱེད་རང་གི་གཏམ་བཤད་དེ་འདྲ་ལ་བརྟེན་ནས། ཀླུ་མཁར་བྱམས་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལ་མི་བརྩི་མཁན་རེད་ཟེར་གྱི་ཡོད་པ་རེད། དེའི་ཐོག་གསལ་བཤད་གནང་རོགས།
lhukar4ལན། ངས་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་འདུག དམའ་འབེབས་བྱས་འདུག རྩོམ་ཡིག་ཉ་ཉོག་བྲིས་འདུག་ཟེར་ནས་བཙན་བྱོལ་སྤྱི་ཚོགས་ནང་སྒྲུང་མང་པོ་བཟོ་ཡི་ཡོད་པ་རེད། ངས་ང་རང་དེ་འདྲ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། རྒྱ་ཆེའི་མི་མང་གིས་དེ་འདྲ་མཐོང་ན་ལབ་རྒྱུའི་ཐོབ་ཐང་ཡོད་པ་རེད། ཡིན་ཡང་ངས་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཚད་ལས་བརྒལ་བ་ཞུ་མཁན་དགྲ་གྲོགས་ཀྱི་དབྱེ་བ་མི་ཤེས་ཁག་ཅིག་མཐོང་གི་འདུག བཤད་དགོས་ཀྱི་མ་རེད། པེ་ཅིང་མཉམ་དུ་ལག་འབྲེལ་བྱེད་མཁན། བཙན་བྱོལ་སྤྱི་ཚོགས་ནང་༧རྒྱལ་བ་རིན་པོ་ཆེའི་བཀའ་བེད་སྤྱོད་ལོག་པ་བྱེད་མཁན་དེ་འདྲ་ངས་མཐོང་གི་འདུག ཡིན་ནའང་མི་སྐོར་ཞིག་གིས་ང་༧རྒྱལ་བ་རིན་པོའི་བཀའ་དགོངས་ལོག་འགྲེལ་བྱེད་མཁན་ལ་མཐོང་ཆོག་གི་རེད་མ་གཏོགས། ང་རང་ངོས་ནས་༧རྒྱལ་བ་རིན་པོ་ཆེར་དམའ་འབེབས་དང་ལོག་ལྟ་མཐོང་ཆུང་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་༧རྒྱལ་བ་རིན་པོ་ཆེས་མང་གཙོ་གསོལ་རས་གནང་བ་དང་། ང་བོད་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ། ༧སྐྱབས་མགོན་པོ་ཆེར་ལམ་དབུ་མའི་དགོངས་གཞི་ཡོད་པའི་གནས་སྟངས་འོག་ངས་དྲང་བདེན་དང་ཡང་དག་པའི་མང་གཙོའི་ལྟ་ཚུལ་བཟུང་ནས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་འགྲིག་གི་མི་འདུག་ཅེས་ངས་བཤད་ཀྱི་ཡོད། དེ་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས་པའི་གནས་སྟངས་ཤིག་རེད་ལབ་ནའང་། ངས་གོ་བ་དེ་འདྲ་ལེན་གྱི་མེད། ང་ལ་༧རྒྱལ་བ་རིན་པོ་ཆེར་གུས་ཞབས་ཡོད། བོད་མི་ཆ་ཚང་ལ་གུས་ཞབས་ཡོད། བོད་མི་ཆ་ཚང་འགྲོ་བ་མིའི་རིགས་ཀྱི་ནང་ཐད་ཀར་དགྲ་བོ་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། ༧རྒྱལ་བ་རིན་པོ་ཆེ་ཡིན་དང་ཡིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ད་བར་དུ་བཞེས་པ་རེད། ༧རྒྱལ་བ་རིན་པོ་ཆེའི་གནས་བབ་ཐོག་ནས་སྒེར་དང་སྒེར་གྱི་བར་གྱི་གནད་དོན་མ་རེད། ༧རྒྱལ་བ་རིན་པོ་ཆེར་གུས་ཞབས་ཡོད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 137

Leave a Reply