སྲིད་སྤྱིའི་འོས་མི་དེ་ལྟ་བ་ལངས་ཕྱོགས་མ་ཡིན་པར་སྤྱི་པའི་ཆེད་དུ་ལས་ཀ་བྱེད་མཁན་དགོས་རེད།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐོར་ལ་བཅར་འདྲི།

1258413དྲི་བ། ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འོས་བསྡུའི་ཆེད་ལས་འགུལ་སྤེལ་ཕྱོགས་ག་འདྲ་རེད།
ལན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་སྲིད་དོན་ཚོགས་པའི་ངོ་བོར་༧གོང་ས་མཆོག་གི་བཀའ་དགོངས་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འཛུགས་བྱས་པ་ཞིག་རེད། མང་གཙོ་ཚོགས་པས་གྲོས་ཚོགས་སྐབས་བཅུ་གཉིས་པ་ནས་འོས་བསྡུའི་ཐོག་ལས་འགུལ་སྤེལ་བ་དང་། སྔོན་མ་བཀའ་ཁྲིའི་འོས་བསྡུའི་སྐབས་ཀྱང་ལས་འགུལ་སྤེལ་བ་རེད། ད་ལྟ་སྲིད་སྐྱོང་འོས་བསྡུར་ལས་འགུལ་སྤེལ་གྱི་ཡོད་ལ། འོས་མི་འདོན་སྟངས་དེ་ས་གནས་ས་ཐོག་ནས་འོས་སླེབས་པ་དང་། འགན་འཛིན་ལྷན་ཚོགས་ཐོག་གི་གྲོས་ཆོད་གཞིར་བཟུང་། ས་གནས་ཀྱི་འོས་མི་སླེབས་པའི་འོས་གྲངས་དེ་དབུས་ལས་ཁུངས་ནས་ཚོགས་ཆུང་ཟུར་འཛུགས་དང་། དེའི་ཐོག་ཟུར་དཔང་པ་དབུས་རྒྱུན་ཟུར་པ་ཞིག་དང་། སློབ་སྟོན་པ། དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་ཅིག་ཡོད་པའི་ཐོག་ནས་གྲངས་བཤེར་བྱས་ཏེ། མང་མོས་རྩེ་བཏོག་གིས་འོས་མིར་འདོན་གྱི་ཡོད་པ་རེད།

དྲི་བ། སྐབས་སྔོན་མའི་བཀའ་སྤྱིའི་འོས་བསྡུར་མི་མང་གིས་དོ་སྣང་བྱེད་ཕྱོགས་དང་། འོས་མིའི་ནང་ལངས་མཁན། འོས་མི་འདོན་མཁན་ཚོའི་བར་ཁྱད་པར་ག་རེ་འདུག
ལན། ༢༠༡༡ ལོར་མང་གཙོ་ཚོགས་པའི་ངོས་ནས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་བཏོན་པ་རེད་ལ། མི་མང་མཉམ་ཞུགས་མང་པོ་བྱས་རེད། དེའི་སྐབས་ད་ལྟ་ནང་བཞིན་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཤུགས་ཆེན་པོ་ཡོད་པ་མ་རེད་ལ། འོས་མིར་ལངས་མཁན་ཡང་དཀོན་པོ་འདྲ་རེད། ད་ལོ་སྤྱི་འཐུས་ཀྱི་འོས་མི་སྒེར་ངོས་ནས་ལངས་མཁན་མང་པོ་རེད་ལ། སྲིད་སྐྱོང་གི་འོས་མིར་ལངས་མཁན་མང་པོ་འདུག དེ་ཚོར་བལྟས་ན་མི་མང་གིས་དོ་སྣང་དང་གལ་ཆེན་པོར་བརྩི་ཡི་འདུག འོས་མི་ཁྱབ་བསྒྲགས་སྐབས་ཆོལ་ཁ་ཆོས་ལུགས་དབྱེར་མེད་ཀྱིས་བཟང་སྤྱོད་ཐོག་ནས་བྱེད་དགོས་པ་གལ་ཆེན་པོ་རེད།

དྲི་བ། ཚོགས་པ་ཞིག་གིས་འོས་མི་བཏོན་ནས་ལས་འགུལ་སྤེལ་སྐབས། དཀའ་ངལ་ཆེ་ཤོས་ག་རེ་ཡོང་གི་འདུག འོས་མི་མ་རག་པ་སོགས་ཀྱི་དཀའ་ངལ་ཡོད་རེད་དམ།
ལན། ད་ལོར་སྤྱི་འཐུས་ཀྱི་འོས་མི་ཆོལ་ཁ་གསུམ་ནས་༣༤ བཏོན་ཡོད་ལ། འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བཞིན་ཆོལ་ཁ་རེ་ལ་འོས་མི་༡༥ ལས་མ་མང་བ་འདོན་དགོས་པ་རེད། འོས་བསྡུའི་སྐབས་མང་གཙོ་ཚོགས་པའི་ངོས་ནས་འོས་མིར་བཏོན་པ་ཚོར་བཀའ་འདྲི་ཞུ་སྐབས། འོས་མིར་ལངས་རྒྱུ་མིན་ཟེར་མཁན་གྱི་དཀའ་ངལ་བྱུང་སོང། དབུས་གཙང་ཡིན་ན་ང་ཚོའི་གྲོས་ཆོད་བཞིན་མི་༡༥ བཏོན་ཡོད་རེད་ལ། མདོ་སྟོད་ལ་༡༢ ལས་རག་ཡོད་པ་མ་རེད། མདོ་སྨད་མི་འབོར་ཉུང་ཉུང་འདྲ་རེད་ལ། མི་༧ ལས་རག་ཡོད་པ་མ་རེད། དེ་ཡང་ང་རང་ཚོས་བསམ་པ་བཞིན་འདོན་གྱི་ཡོད་པ་མ་རེད། ས་གནས་ཁག་ནས་བཏང་བ་གཞིར་བཟུང་འགྲོ་དགོས་རེད། དེ་མིན་དེང་སྐབས་དྲ་རྒྱ་དེ་ཚོ་ཡག་པོ་ཡིན་པས། ཁྱབ་བསྒྲགས་བྱེད་ཕྱོགས་ལ་དམིགས་བསལ་དཀའ་ངལ་མི་འདུག

དྲི་བ། སྤྱིར་བཏང་སྤྱི་འཐུས་འོས་མིའི་ནང་ལངས་ཀྱི་ཡོད་ནའང་། མང་གཙོ་ཚོགས་པའི་ངོས་ནས་འོས་མིར་བཏོན་པ་ཁས་ལེན་མ་བྱས་མཁན་བྱུང་ཡོད་སྐོར་འདུག་ན། དེ་ཚོ་བདེན་པ་རེད་དམ། རྒྱུ་མཚན་ག་རེ་རེད་བསམ་གྱི་འདུག
ལན། མང་གཙོ་ཚོགས་པས་འོས་མིར་སླེབས་འདུག་ཅེས་ཡིག་ཐོག་ནས་བཀའ་འདྲི་ཞུས་སྐབས། ད་ལྟ་དམིགས་བསལ་ལངས་རྒྱུའི་འཆར་གཞི་མེད་ཟེར་བ་དང་། རྗེས་སུ་འོས་མིའི་ནང་ལངས་བསྡད་ཡོད་མཁན་རེ་ཟུང་བྱུང་བ་རེད། རྒྱུ་མཚན་དེ་དམིགས་བསལ་འོས་མིར་ལངས་རྒྱུར་འཆར་གཞི་མེད་ལབ་པ་ལས། ལྟ་བ་ལངས་ཕྱོགས་དེ་འདྲ་མ་རེད་བསམ་གྱི་འདུག

དྲི་བ། འོས་མི་ཁྱབ་བསྒྲགས་སྐབས་འགྲོ་སོང་ག་འདྲ་གཏོང་གི་ཡོད་པ་རེད། འོས་མིའི་ངོས་ནས་ཁྱབ་བསྒྲགས་ཆེད་འགྲོ་གྲོན་སྤྲད་པ་ཡོད་རེད་དམ།
ལན། དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་རེད། འགྲོ་སོང་དེ་མི་མང་ནང་ཞལ་འདེབས་བསྡུས་པ་དང་། རྒྱབ་སྐྱོར་བ་ཁག་ཅིག་གིས་ཞལ་འདེབས་སྤྲད་པ་དེ་གཏོང་གི་ཡོད་པ་རེད། དེ་མིན་འོས་མིའི་ས་ནས་དམིགས་བསལ་འགྲོ་གྲོན་བླངས་པ་དེ་འདྲ་ཡོད་པ་མ་རེད།

དྲི་བ། མང་གཙོ་ཚོགས་པ་དེ་བོད་ཀྱི་འཐབ་རྩོད་ཀྱི་ལྟ་གྲུབ་ལངས་ཕྱོགས་དེ་བོད་རང་བཙན་ཡིན་པ་གསལ་པོ་རེད། ཡིན་ནའང་སྲིད་སྐྱོང་གི་འོས་མི་ལྟ་བུ་ཡིན་ན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཏོན་ཡོད་པ་རེད། ཁོང་གཉིས་ས་གནས་མི་རིགས་རང་སྐྱོང་ཡོང་ཐབས་བྱེད་མཁན་ཡིན་པ་མ་ཟད། དེའི་ཐོག་ལངས་ཕྱོགས་ཤུགས་ཆེ་ཤོས་འཛིན་མཁན་གྱི་འགོ་ཁྲིད་གཉིས་རེད། དེ་ན་ཚོགས་པའི་ལངས་ཕྱོགས་དང་། འོས་མིའི་ལངས་ཕྱོགས་མ་མཐུན་པའི་དཀའ་ངལ་ཡོད་པ་མ་རེད་དམ།
ལན། ལངས་ཕྱོགས་ཐོག་གཞིར་བཞག་ན་མང་གཙོ་ཚོགས་པ་བཙུགས་པའི་སྐབས་ནས་རང་བཙན་ལངས་ཕྱོགས་རེད། ཡིན་ནའང་བཙན་བྱོལ་ནང་གི་ཆབ་སྲིད་ཚོགས་པ་ཞིག་རེད། མ་འོངས་པ་བོད་དུ་གཞིས་བྱེས་མཉམ་འཛོམས་བྱུང་བའི་སྐབས་ད་ལྟ་ནས་སྦྱོང་བརྡར་བྱས་ཏེ། ཆབ་སྲིད་ཚོགས་པ་བོད་ལ་ལག་བསྟར་བྱེད་ཆེད་དུ་རེད། ད་ལྟ་འོས་མི་འདོན་སྟངས་དེ་ལྟ་བ་ལངས་ཕྱོགས་ཐོག་གཞིར་འཇོག་གི་ཡོད་པ་མ་རེད། འཇོན་ཐང་ཡོད་མཁན་དང་སྤྱི་པའི་ཆེད་དུ་ལས་ཀ་བྱེད་མཁན་དགོས་རེད། དེ་ཡང་མི་རེ་ཟུང་གིས་བཏོན་པ་ཞིག་མ་རེད། ས་གནས་ནས་ཚོགས་མིས་འོས་མི་བཏོན་ཏེ་ཟུར་དཔང་ཡོད་པའི་ཐོག་གྲངས་བཤེར་བྱས་ཏེ་བཏོན་པ་ཞིག་རེད། སྤྱིར་བཏང་སྲིད་དོན་ཚོགས་པར་ལྟ་གྲུབ་དགོས་རེད་ལ། མང་གཙོ་ཚོགས་པའི་ལྟ་བ་ལངས་ཕྱོགས་རང་བཙན་རེད། ད་ལྟ་ལྟ་གྲུབ་ལ་གཞི་མ་བཞག་ནས་སྤྱི་པའི་ཆེད་དུ་ལས་དོན་བྱེད་མཁན་དེ་ཚོ་ཡར་སླེབས་ཐབས་བྱེད་ཀྱི་ཡོད་པ་རེད། བོད་གཞིས་བྱེས་མཉམ་འཛོམས་བྱུང་ན། དེའི་སྐབས་སྲིད་དོན་ཚོགས་པ་ག་འདྲ་བཙུགས་དགོས་པ་སོགས་མང་གཙོ་ཚོགས་པའི་རྩ་འཛིན་ཡིག་ཆ་ནང་ལ་ཡོད་རེད།

དྲི་བ། སྐབས་སྔོན་མ་སྤྱི་ཚོགས་ནང་ཚོགས་པ་ཁག་དང་། མི་སྒེར་པ་སོགས་ཀྱི་གོ་སྒྲིག་འོག བཀའ་ཁྲི་དང་། སྤྱི་འཐུས་འོས་བསྡུའི་བགྲོ་གླེང་མང་པོ་བྱུང་བ་དང་། ཆེད་དུ་ཚགས་པར་འདོན་མཁན་དེ་འདྲ་ཡང་བྱུང་རེད། ད་ལོ་འོས་མིའི་བར་བགྲོ་གླེང་དེ་འདྲ་མང་པོ་བྱུང་མ་སོང་། དེའི་རྒྱུ་མཚན་ག་རེ་རེད་བསམ་གྱི་འདུག
ལན། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་སྐབས་མང་གཙོ་ཚོགས་པས་སྲིད་སྐྱོང་འོས་མི་གཉིས་དང་། ཆོལ་ཁ་གསུམ་ནས་སྤྱི་འཐུས་འོས་མི་༣༤ བཏོན་པ་དང་། དངོས་གཞིའི་ནང་མང་གཙོ་ཚོགས་པའི་སྲིད་སྐྱོང་འོས་གཉིས་དང་། སྤྱི་འཐུས་འོས་མི་རྩེད་ཕུད་ཉི་ཤུའི་ནང་༢༤ སླེབས་ཡོད་པ་རེད། སྔོན་མ་མང་གཙོ་ཚོགས་པའི་ངོས་ནས་བགྲོ་གླེང་མང་པོ་འཚོགས་པ་རེད་ལ། མང་ཚོགས་ནང་སྐོར་བསྐྱོར་བྱས་རེད། ཡིན་ཡང་འདི་ལོར་སྲིད་སྐྱོང་འོས་མི་གཉིས་ཀ་ལས་ཐོག་ཡིན་པས། མཛད་རིམ་གྱི་རྐྱེན་གྱིས་དུས་ཚོད་མ་བྱུང་བ་རེད། ཕྱི་ཟླ་༢ པའི་ཟླ་མཇུག་ལ་མང་གཙོ་ཚོགས་པའི་ངོས་ནས་སྲིད་སྐྱོང་འོས་མིའི་བར་བགྲོ་གླེང་ཞིག་གོ་སྒྲིག་བྱེད་འཆར་ཡོད། བགྲོ་གླེང་མང་པོ་དགོས་པ་རེད་མོད། ད་ཐེངས་ཁོང་གཉིས་ཁོང་གཉིས་ཀ་ལས་ཐོག་ཡིན་པས། བྲེལ་བ་ཆེན་པོ་ཆགས་བསྡད་ཡོད་རེད། ཡིན་ཡང་མང་གཙོ་ཚོགས་པས་ས་གནས་ཁག་ཚང་མར་འོས་མི་ཁྱབ་བསྒྲགས་ཀྱི་ལས་དོན་ཤུགས་ཆེན་པོ་བྱེད་ཐུབ་ཡོད་པ་རེད།

དྲི་བ། མང་གཙོ་ཚོགས་པ་དེ་སྲིད་དོན་ཚོགས་པ་ཡིན་ཟེར་གྱི་ཡོད་པས། མ་འོངས་པར་བཙན་བྱོལ་ནང་དུ་ཡང་མང་གཙོའི་གཞུང་འཛིན་འགྲོ་སྟངས་གཞིར་བཞག་གིས། མང་གཙོ་ཚོགས་པ་སྲིད་དོན་ཚོགས་པ་ཡིན་པའི་ངོས་ནས་གཞུང་འཛིན་པ་སོགས་ཀྱི་ངོ་བོར་བསྒྱུར་ཐབས་དགོས་རེད་དམ།
ལན། མང་གཙོ་ཚོགས་པ་སྲིད་དོན་ཚོགས་པའི་ངོ་བོར་ཡོད་པ་རེད་ལ། སྲིད་དོན་ཚོགས་པ་མང་པོ་དང་གྲོས་ཚོགས་གོང་འོག་དགོས་པ་གལ་ཆེན་པོ་འདུག དེའི་ཐོག་མང་གཙོ་ཚོགས་པས་ནུས་ཤུགས་བཏོན་ཡོད་རེད། ཡིན་ཡང་ད་ལྟའི་ཆར་མང་གཙོ་ཚོགས་པ་དེ་གཞུང་དང་གྲོས་ཚོགས་ངོས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཙམ་ལས། སྲིད་དོན་ཚོགས་པར་ངོས་ལེན་ཡོད་པ་མ་རེད། ཡིན་ཡང་མང་ཚོགས་ནང་སྲིད་དོན་ཚོགས་པ་ཞིག་ཡིན་པ་གསལ་པོ་ཆགས་བསྡད་ཡོད་པ་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་༡༩༩༤ ལོའི་མང་གཙོའི་དུས་དྲན་ཉིན་མོར་གསར་འཛུགས་བྱས་པ་དང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཡན་ལག་༣༠ ལྷག་དང་། ཚོགས་མི་ལྔ་སྟོང་ཙམ་ཡོད།།
གསར་འགོད་པ་ཆོད་ཉིད་འོད་ཟེར་གྱིས་༢༠༡༦ ལོའི་ཕྱི་ཟླ་༡ ཚེས་༢༢ ཉིན་བཅར་འདྲི་བྱས།

Share on Facebook75Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 128

Leave a Reply