སྲིན་འཛིན་གྱི་ཧོལ་རྒྱུག་ཙམ་ཡིན་ནམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༠  ཕྱི་ལོ་ ༢༠༡༧/༦  /༧

བོད་པའི་སྤྱི་ཚོགས་སུ་གླེང་ཕྱོགས་ཆེ་ཤོས་གཅིག་ནི་༢༠༡༨ ལོའི་ཨ་རིའི་སྔོན་རྩིས་འཆར་འབུལ་ནང་བོད་དང་འབྲེལ་བའི་རོགས་སྐྱོར་གྱི་ཐོག་ནས་གཅོག་བྱ་མང་པོ་ཞིག་བྱ་འཆར་ཡོད་པ་དེའི་སྐོར་རེད། ཁག་ཅིག་གིས་དེ་ནི་གོ་སྐབས་བཟང་ཤོས་ཡིན་པ་དང་། དེ་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གཞན་བརྟེན་གྱི་བསམ་བློ་དོར་ནས་རང་ཁ་རང་གསོའི་ཐོག་འགྲོ་རྒྱུར་སྐུལ་འདེད་ཅིག་ཏུ་འགྱུར་སྲིད་ཅེས་བརྗོད་མཁན་དང་། ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་ལ་མི་དགའ་བའི་རྣམ་འགྱུར་གྱི་ཐོག་ནས་དེ་ལྟར་དགོས་ངེས་རེད་ཅེས་བརྗོད་མཁན་ཡང་འདུག ཨ་རིའི་གཞུང་གིས་སྔོན་རྩིས་མཐའ་མ་གྲོས་ཚོགས་ནས་གཏན་འབེབས་བྱེད་དགོས་པས་སྲིད་འཛིན་གྱི་འཆར་འབུལ་དེ་མཐའ་མའི་ཐག་གཅོད་ཅིག་ཏུ་གྱུར་མེད་ནའང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་སྤྱི་མཐུན་ཚོགས་པའི་འཐུས་མི་མང་ཤོས་ཡིན་པས། སྲིད་འཛིན་གྱི་འཆར་འབུལ་འདི་ཉེན་ཁ་མེད་པ་ཞིག་གཏན་ནས་མིན་པར། ལོ་འདིར་དེ་ལྟར་ལག་བསྟར་མ་ཐུབ་པའི་དབང་དུ་བཏང་ནའང་རིམ་པས་དཀའ་ངལ་འཕྲད་སྲིད་པ་རེད།

བོད་དང་འབྲེལ་བའི་རོགས་སྐྱོར་མ་དངུལ་ཉུང་དུ་གཏོང་དགོས་པའི་བསམ་ཚུལ་དེ་ཉིད་ད་ལྟ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཅིག་པུའི་ལྟ་ཚུལ་ཙམ་མ་ཡིན་པར། ལོ་བཞི་ལྔ་ཞིག་གི་སྔོན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ཡོངས་ཁྱབ་ཀྱི་འཕྲིན་ཡིག་ཅིག་བཏང་ནས་དེའི་སྐོར་བསམ་ཚུལ་བཤད་ཡོད་ལ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་འབྲེལ་བའི་སྐོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་དུའང་བསམ་ཚུལ་དེ་ལྟ་བུ་བཏོན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་མ་འོངས་པར་རིམ་བཞིན་བོད་དང་འབྲེལ་བའི་རོགས་དངུལ་ཉུང་དུ་གཏོང་སྲིད་པ་དང་། ད་ལྟ་སྲིད་འཛིན་གྱི་འཆར་འབུལ་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་དང་དེ་ལྟ་བུའི་གནད་དོན་ལ་ཐུག་ཡོད་ངེས་རེད། ད་ལན་གྱི་གནས་ཚུལ་འདི་ལ་ཕྱོགས་གང་ཐད་ནས་དོན་དངོས་ཀྱི་གནས་སྟངས་ལ་གསེད་བཀྲོལ་དང་། གོ་འཛོལ་གྱི་གནས་སྟངས་ཡོད་ན་གསལ་བཤད་སོགས་སྤུས་གཙང་ཞིག་བྱས་ནས་ལོ་འདིར་ཉེན་ཁ་མི་འཕྲད་པ་མ་ཟད། མ་འོངས་པར་མུ་མཐུད་དཀའ་ངལ་མི་འཕྲད་པའི་གདོང་ལེན་བྱེད་ཐུབ་དགོས།

དོན་དངོས་ཐོག་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མི་སྒེར་སོ་སོའི་ངོས་ནས་རང་ཁ་རང་གསོ་ཐུབ་པའི་ཐོག་ལ་དཀའ་ངལ་གཏན་ནས་མེད་པ་ཞིག་མིན་ཡང་། ཆ་སྙོམས་བྱས་ནས་བཤད་ན་བརྒྱ་ཆ་མང་ཤོས་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བའི་ཐོག་དཀའ་ངལ་མི་འཕྲད་པ་ཞིག་ཡོང་མི་ཐུབ་པ་ཞིག་མ་རེད། ཅིག་བྱས་ན་མི་ལོ་དྲུག་ཅུ་ལ་ཉེ་བའི་གཞན་བརྟེན་གྱི་བསམ་བློ་དེས་དོན་གྱིས་དཀའ་ངལ་ཡོངས་རྫོགས་སེལ་མི་ཐུབ་པའི་གོ་རྟོགས་ཤིག་ཀྱང་། གོ་སྐབས་འདི་བརྒྱུད་ནས་རང་བཞིན་གྱིས་སད་མི་སྲིད་པ་མ་རེད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་དག་རིམ་པས་ཉུང་དུ་སོང་ན་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་པ་དང་། མ་འོངས་པའི་གནས་སྟངས་དངོས་ལ་གཞིགས་ནས་བཤད་ན་འདི་དག་ནི་དོན་གྱིས་ཉེན་ཁ་ཆེ་ཤོས་ཀྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད། གོང་དུ་བརྗོད་པ་བཞིན་སྐད་ཆ་འདི་ཉིད་གསར་པ་ཞིག་མིན་པར་མུ་མཐུད་ནས་སླེབས་ཡོང་བའི་གནད་དོན་ཞིག་ཡིན་སྟབས། འབྲེལ་ཡོད་ཚོས་དཀའ་ངལ་དེ་དག་སེལ་ཐུབ་ན་དོན་གྱིས་བྱས་རྗེས་ཆེན་པོ་ཞིག་ཏུ་གྱུར་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་ཁ་རང་གསོ་བྱེད་ཐུབ་པའི་གོ་སྐབས་དང་ཁོར་ཡུག་གཉིས་ཀ་མེད་ལ། སྔོན་མ་ཁེ་བཟང་ཆེ་ཆུང་ལ་མ་ལྟོས་པར་ཚོང་ལས་ཀྱི་སྡེ་ཚན་ཡང་མང་པོ་ཞིག་ཡོད་པ་དང་། དེ་དག་ལ་ལེགས་བཅོས་གསར་སྤེལ་གྱི་ལས་ཀ་བྱེད་ཐུབ་ན་རིམ་པས་དཔལ་འབྱོར་གྱི་གནས་སྟངས་ལ་ཕན་ཐོགས་པའི་རེ་བ་ཞིག་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་རང་ཁ་རང་གསོ་ཐུབ་པའི་ཆ་རྐྱེན་ཞིག་ཏུ་ངོས་འཛིན་བྱས་ཀྱང་ཆོག་པ་ཞིག་རེད། འོན་ཀྱང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བཟོ་ཚོང་ཁང་ཚང་མ་སྒོ་བརྒྱབ་པ་མ་ཟད། སོ་བྱུང་ནད་ཁྱེར་གྱི་དཔེ་བཞིན་སོ་ཡི་ན་ཚ་དྲག་ཆེད། སོ་རྩ་བཀོག་བཏང་བའི་གནས་ཚུལ་ལྟ་བུར་གྱུར་ཟིན་པས། དེའི་ཚབ་ཏུ་སོ་གསར་པ་ཞིག་སྤྲོད་རྒྱུའི་ནུས་པའང་གཏན་ནས་མེད། གང་ལྟར་སོ་རྩ་བཀོག་བཏང་ཟིན་པས་སླར་མི་སྐྱེ་བ་ནི་ཤེས་གསལ་རེད། བཟོ་ཚོང་ཁང་ཁག་སྒོ་རྒྱག་དགོས་བྱུང་ཡང་ས་ཆ་དང་ཁང་པ་རྣམས་དེ་ལྟར་ཕམ་ཚོང་བྱས་མེད་ན། ད་ལྟའི་ཆར་རེ་བ་དང་གོ་སྐབས་གསར་པ་རེ་ཡོད་སྲིད་ཀྱང་དེའི་ཐོག་ནས་ཀྱང་བསམ་བློ་གཏོང་ཡུལ་གང་ཡང་ལྷག་མེད།

སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་རོགས་རམ་གནང་མཁན་ཨ་རི་གཅིག་པུ་མིན་ནའང་། ད་བར་ཨ་རི་ནི་འཛམ་གླིང་གི་སྣེ་ཁྲིད་པ་ཡིན་པའི་ཆ་ནས་ཨ་རིའི་རོགས་རམ་ནི་དཔལ་འབྱོར་གྱི་ཐོག་ནས་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་ཐོག་ནས་ཀྱང་གལ་གནད་ཆེན་པོར་གྱུར་ཡོད། ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གྱི་རྒྱབ་ལྗོངས་ནི་དེང་དུས་ཀྱི་ཚོང་པ་ཞིག་ཡིན་སྟབས། བསམ་བློའི་ནང་རང་ཉིད་ཀྱི་ཁེ་བཟང་འབའ་ཞིག་ལས་མེད་པ་དང་། ཁོང་གིས་ད་བར་ལས་དོན་གང་དང་གང་བྱས་པ་དེ་དག་ཀྱང་ཕལ་ཆེ་བ་ཨ་རིའི་ཁེ་ཕན་འབའ་ཞིག་ལ་བསམ་བློ་བཏང་ཡོད་པ་ལས། ཨ་རིའི་མཚན་མཐོང་དང་ནུས་པ་ལ་དེ་ཙམ་བསམ་བློ་གཏོང་གི་མེད་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་བཞིན་འདུག དེར་བརྟེན་ཁོས་རྩིས་རྒྱག་སྟངས་ལྟར་ན་བོད་པ་ལ་རྒྱབ་སྐྱོར་བྱས་ནས་ཁ་ཐུག་གི་ཁེ་ཕན་གང་ཡང་མེད་པ་དང་། རྒྱ་ནག་དང་མཉམ་དུ་ཚོང་གི་ཁེ་ཕན་ཞིག་མཐོང་སོང་ན་བོད་དོན་དེ་ཚོང་གི་ཁེ་བཟང་ལེན་པའི་ལག་ཆ་ཞིག་ཏུ་བརྩི་ངེས་པ་རེད། དེར་བརྟེན་ད་ལྟའི་ཆར་ཨ་རིའི་བོད་པར་རྒྱབ་སྐྱོར་ནི་དོན་གྱིས་བརྟན་པོ་མིན་པ་ཞིག་ཏུ་མཐོང་།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 238

Leave a Reply