སློབ་གྲྭར་མེ་ཤོར་ནས་སློབ་ཕྲུག་༢༣ ཤི་འདུག

ཨེ་ཤི་ཡའི་རྒྱལ་ཁབ་མ་ལེ་ཤི་ཡའི་ཁ་ཆེ་ཆོས་ལུགས་ཀྱི་སློབ་གྲྭ་ཞིག་ལ་མེ་ཤོར་ནས། སློབ་ཕྲུག་༢༣ དང་དགེ་རྒན་༢ ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། དེ་ནི་ལོ་ངོ་༢༠ ཡི་རིང་རྒྱལ་ནང་དུ་མེ་རྐྱེན་གོད་ཆག་ཆེ་ཤོས་ཤིག་ཡིན་འདུག

ཟླ་༩ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༡༤ ཡི་སྔ་དྲོ་ཆུ་ཚོད་༥ དང་སྐར་མ་༤༠ ཙམ་ལ། མ་ལེ་ཤི་ཡའི་རྒྱལ་ས་ཀོ་ལ་ལཱམ་པུར་དུ་ཁ་ཆེ་ཆོས་ལུགས་ཀྱི་དཔེ་ཆ་ཁཱོ་རཱན་སློབ་ཡུལ་གཏན་སྡོད་སློབ་གྲྭ་ཞིག་ལ་མེ་ཤོར་ཡོད་པ་དང་། མེ་གསོད་རུ་ཁག་གིས་ཆུ་ཚོད་གཅིག་ནང་ཚུན་མེ་བསད་ཐུབ་ཡོད་འདུག་ཀྱང་། དེའི་ཁྲོད་སློབ་ཕྲུག་༢༣ དང་དགེ་རྒན་༢ ཀྱི་ཚེ་སྲོག་ཤོར་འདུག་པ་མ་ཟད། མི་གྲངས་༧ སྨན་བཅོས་ཆེད་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་ཁར། མི་གྲངས་༡༡ ཉེན་སྐྱོབས་བྱེད་ཐུབ་ཡོད་འདུག
རྒྱལ་ས་ཀོ་ལ་ལཱམ་པུར་གྱི་ཉེན་རྟོག་སྤྱི་ཁྱབ་པས། ཚེ་སྲོག་ཤོར་བའི་སློབ་ཕྲུག་ཚང་མ་བུ་ཡིན་ཁར། དེ་དག་ལོ་ན་༡༣ ནས་༡༧ བར་ཡིན་པ་དང་། དེ་བཞིན་གློག་ལམ་འཁྲུག་ནས་ཕལ་ཆེར་མེ་ཤོར་བ་ཡིན་སྐོར་བརྗོད་འདུག

མེ་ཤོར་འགོ་བཙུགས་ཡུལ་དེ་ཁང་བརྩེགས་མཐོ་ཤོས་ཏེ་གསུམ་པར་ཡོད་པའི་སློབ་ཕྲུག་རྣམས་ཀྱི་ཉལ་ཁང་དུ་ཡིན་འདུག་པ་དང་། ཉལ་ཁང་དུ་སྒོ་གཅིག་ལས་མེད་ཁར་སྒེའུ་ཁུང་ཚང་མར་ལྕགས་ཁྲས་བཀག་ཡོད་པས། ཉེན་རྟོག་པས་བརྗོད་དོན་ལྟར་ན།  ཚེ་སྲོག་ཤོར་བའི་སློབ་ཕྲུག་རྣམས་ཀྱི་ཕུང་པོ་བརྩེགས་ནས་ཡོད་པ་རྙེད་སོན་བྱུང་འདུག་པས། མེ་ཤོར་སྐབས་སྒོ་གཅིག་ལས་མེད་པས་སློབ་ཕྲུག་རྣམས་མར་ཐོན་སྐབས་ཚང་ཁ་ཐེབས་ནས་རྡོག་རྫིས་ཐེབས་པ་དང་། མེའི་དུ་བ་རྔུབ་ནས་ཚེ་སྲོག་ཤོར་བར་ཚོད་དཔག་བྱེད་ཀྱི་ཡོད་འདུག
མ་ལེ་ཤི་ཡའི་ནང་དུ་དེབ་སྐྱེལ་བྱས་པའི་ཆོས་ལུགས་ཀྱི་སློབ་གྲྭ་༥༡༩ ཡོད་འདུག་པ་དང་། དེ་བཞིན་དེབ་སྐྱེལ་མ་བྱས་པ་མང་པོ་ཡོད་འདུག སློབ་གྲྭ་དེའི་རིགས་ཆོས་ལུགས་ལྷན་ཁང་གི་སྟངས་འཛིན་འོག་ཡོད་འདུག་པ་དང་། མ་ལེ་ཤི་ཡའི་བརྒྱུད་ལམ་ཁག་གིས། ཕྱི་ལོ་༢༠༡༥ ལོ་ནས་ད་བར་ཆོས་ལུགས་ཀྱི་སློབ་གྲྭ་དེའི་རིགས་ལ་མེ་ཤོར་བའི་གནས་ཚུལ་༢༠༠ ལས་མང་བ་བྱུང་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 237

Leave a Reply