སློབ་མཐར་ཕྱིན་པའི་མཛད་སྒོར་བོད་ཀྱི་རྒྱལ་དར་འཕྱར་རྒྱུར་ཆོག་མཆན་མ་སྤྲད་པ།

ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཞིག་གི་སློབ་མཐར་ཕྱིན་པའི་མཛད་སྒོར། འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དར་འཕྱར་ནས་རུ་སྒྲིག་གཏོང་བའི་ལས་རིམ་ལ། བོད་ཀྱི་སློབ་མ་ཞིག་ལ་བོད་ཀྱི་རྒྱལ་དར་འཕྱར་ནས་རུ་སྒྲིག་དེར་མཉམ་ཞུགས་བྱེད་པའི་ཆོག་མཆན་སྤྲད་མི་འདུག

ཟླ་འདིའི་ཚེས་༤ ཉིན་ཨ་རིའི་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་གསལ། ཟླ་༥ པོའི་ཚེས་༡༢ ཉིན་ཨ་རིར་རྟེན་གཞི་བྱས་པའི་(UMass Amherst) གཙུག་ལག་སློབ་གཉེར་ཁང་ནས། བོད་རིགས་སློབ་མ་ནང་པ་སྐལ་བཟང་སློབ་མཐར་ཕྱིན་གྱི་ཡོད་པ་དང་། ཉིན་དེའི་སློབ་མཐར་ཕྱིན་པའི་མཛད་སྒོར་སློབ་གཉེར་ཁང་དེར་མི་རིགས་སྣ་འཛོམས་ཡོད་པ་སྟོན་ཆེད། འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དར་འཕྱར་ནས་རུ་སྒྲིག་གཏོང་བའི་ལས་རིམ་ཡོད་འདུག་པས། མོས་ཟླ་༣ པའི་ཟླ་མཇུག་ཏུ་སློབ་གཉེར་ཁང་དེའི་མཛད་རིམ་ལས་ཁང་ལ། རུ་སྒྲིག་སྐབས་བོད་ཀྱི་རྒྱལ་དར་འཕྱར་རྒྱུའི་སྙན་ཞུ་སྤྲད་ཡོད་འདུག་པས། སྙན་ཞུའི་ལན་འདེབས་བདུན་ཕྲག་བཞིའི་རྗེས་འབྱོར་ཡོད་འདུག

ལན་འདེབས་ནང་སློབ་གཉེར་ཁང་དེ་མངའ་སྡེ་གཞུང་གི་སློབ་གཉེར་ཁང་ཞིག་ཡིན་པས། ཨ་རིའི་ཕྱི་སྲིད་ལས་ཁང་གི་ཐོ་གཞུང་ནང་དུ་ངོས་འཛིན་ཡོད་པའི་རྒྱལ་ཁབ་ཁག་གི་སློབ་མ་རྣམས་རུ་སྒྲིག་དེར་རང་ཉིད་ཀྱི་རྒྱལ་དར་འཕྱར་བར་མགྲོན་བརྡ་གཏོང་གི་ཡོད་ཅེས་འཁོད་ཡོད་འདུག་པས། བོད་དེ་ཨ་རིས་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་ཀྱི་མེད་པས། མོ་ལ་རུ་སྒྲིག་དེར་བོད་ཀྱི་རྒྱལ་དར་འཕྱར་བའི་ཆོག་མཆན་ཐོབ་མི་འདུག དེ་བཞིན་ལོ་གཉིས་སྔོན་མོའི་གཅེན་པོ་ཡང་དེ་ལྟར་ཆོག་མཆན་ཐོབ་མེད་པ་དང་ལན་འདེབས་ཀྱང་གཅིག་མཚུངས་འབྱོར་ཡོད་འདུག

སློབ་གཉེར་ཁང་དེའི་མགྲིན་ཚབ་པས་ནང་པ་སྐལ་བཟང་དང་མོའི་ནང་མི་སོགས་ཀྱིས། མཛད་སྒོའི་སྐབས་བོད་ཀྱི་རྒྱལ་དར་ཁྱེར་ཡོང་ན་དགག་པ་མེད་ཀྱང་། རྒྱལ་དར་དེ་རུ་སྒྲིག་ནང་མཉམ་ཞུགས་བྱེད་ཐབས་མེད་སྐོར་བརྗོད་འདུག

ནང་པ་སྐལ་བཟང་གིས་ངོ་དེབ་ཐོག་ཏུ་གནད་དོན་དེ་དང་འབྲེལ་ནས། མཛད་སྒོ་དེའི་སྐབས་ཀྱི་གཏམ་བཤད་བྱེད་མཁན་སྐུ་མགྲོན་གཙོ་བོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཝ་རེན་སོགས་ལ། མཐོ་སློབ་ཀྱི་རིག་བདག་ཆེན་པོས་ཐག་གཅོད་དེ་ཕྱིར་འཐེན་བྱེད་པའི་རེ་སྐུལ་གྱི་ལས་འགུལ་ལ་མཉམ་ཞུགས་ཡོང་ཐབས་བྱེད་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||