ཧི་མ་ཅཱལ་ནང་འགྲུལ་སྐྱེལ་རླངས་འཁོར་ཟགས་ནས་མི་༤༥ ཤི་འདུག

ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་ཤིམ་ལ་ནས་རྒྱང་ཐག་སྤྱི་ལེ་༩༥ ཡོད་པའི་གནས་སུ། འགྲུལ་སྐྱེལ་རླངས་འཁོར་ཞིག་ལམ་ཐོག་ནས་ཐུར་དུ་མི་ཊར་༢༥༠ ཡོད་པའི་གཙང་པོའི་ནང་ཟགས་འདུག་པ་དང་། སྐྱེས་པ་༢༨ དང་བུད་མེད་༡༠། ཕྲུ་གུ་༧ ཤི་ཡོད་ཁར། མི་གཉིས་རླངས་འཁོར་དེ་གཡང་ནས་མ་ཟགས་སྔོན་དུ་ཕྱི་ལ་མཆོང་ནས་སྲོག་ཐར་ཡོད་འདུག

འགྲུལ་སྐྱེས་རླངས་འཁོར་དེ་ཨུ་ཏར་ཀན་མངའ་སྔེའི་ས་གནས་ཝིག་ཀ་སེ་ན་གྷར་ནས་ཊུ་ནི་ལ་བསྐྱོད་བཞིན་ཡོད་པ་དང་། དེ་ཡང་ཧི་མ་ཅཱལ་མངའ་སྡེ་བརྒྱུད་ནས་འགྲིམ་འགྲུལ་བྱེད་བཞིན་པའི་སྐབས་གནས་ཚུལ་དེ་བྱུང་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མོ་ཌི་ཡིས་ཤི་བོའི་རེའི་ནང་མི་ཚོར་་གུན་གསབ་ཆེད་ཧིན་སྒོར་འབུམ་༢ རེ་སྤྲོད་རྒྱུ་དང་། ཨུ་ཏར་ཀན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་ཤི་བོ་རེའི་ནང་མིར་གུན་གསབ་ཆེད་ཧིན་སྒོར་འབུམ་༡ རེ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག

ཧི་མ་ཅཱལ་མངའ་སྡེའི་ཉེན་རྟོག་པས་ཕྱི་ལོ་༢༠༠༦ ནས་༢༠༡༢ བར་རླངས་འཁོར་དང་སྦག་སྦག་རྡབ་སྐྱོན་གྱི་གནས་ཚུལ་ལ་ཉམས་ཞིབ་བྱས་པ་བརྒྱུད། ཁུལ་དེར་ཉེན་ཁ་ཆེ་བའི་འགྲུལ་ལམ་༣༡༤ ཡོད་པ་དང་། དེ་དག་ལ་རྡབ་སྐྱོན་གྱི་གནས་ཚུལ་ཐེངས་༤༤༨༨ བྱུང་ནས་མི་༡༠༤༨ ཡི་ཚེ་སྲོག་ཤོར་ཡོད་ཁར། ༦༨༤༤ ལ་རྨས་སྐྱོན་ཕོག་ཡོད་འདུག དེ་བཞིན་འགྲུལ་ལམ་གྱི་དཀྱོག་མཚམས་ཆུང་ཆུང་མང་པོ་ཞིག་ལ་ར་བ་རྒྱག་འཆར་ཡོད་འདུག་ཀྱང་། ད་ལྟའི་ཆར་ལས་འཆར་དེ་ལག་ལེན་བསྟར་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook67Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1551

Leave a Reply