ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ཐེངས་༥ པ།

ད་ཐེངས་ཀྱི་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ནང་འགྲན་ཞུགས་པ་བུད་མེད་༩ ཡོད་པ་དང་། ད་བར་དུ་འགྲན་ཞུགས་པ་མང་ཤོས་ཆགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་དུ།  བོད་ཀྱི་མཛངས་མ་འགྲན་སྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས། ཧི་མ་ཡ་ལའི་མཛངས་མ་འགྲན་སྡུར་ཐེངས་༥ པ་འགོ་འཛུཊ་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

འགྲན་ཞུགས་པ་རྣམས་སང་ཉིན་ནས་གཉིས་རིང་། འགྲན་སྡུར་མི་འདྲ་བ་༥ ལ་ཞུགས་དགོས་ཀྱི་ཡོད་ཅིང་། ཨང་དང་པོ་སོན་མཁན་ལ་བྱ་དགའ་ཧིན་སྒོར་འབུམ་གཅིག་(༡༠༠,༠༠༠) དང་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་ཐོབ་རྒྱུ་དང་། ཨང་གཉིས་པ་ལ་ཧིན་སྒོར་ཁྲི་ལྔ་(༥༠,༠༠༠)། དེ་བཞིན་ཨང་གསུམ་པ་ལ་ཧིན་སྒོར་ཁྲི་གཉིས་དང་ལྔ་སྟོང་(༢༥,༠༠༠) བཅས་སྤྲོད་རྒྱུ་ཡིན་འདུག རེས་གཟའ་སྤེན་པར་བོད་གཞུང་ཟློས་གར་ཁང་དུ། གཏམ་བཤད་དང་རིག་རྩལ་གྱི་འགྲན་སྡུར་དང། རེས་གཟའ་ཉི་མར་ངོ་སྤྲོད་དང་སྲོལ་རྒྱུན་གྱི་ཆས། དེ་བཞིན་བཅར་འདྲི་བཅས་ཀྱི་འགྲན་སྡུར་བྱེད་རྒྱུ་ཡིན་པ་རེད།

སྐབས་དེར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་འཛུགས་དགོས་པའི་རྒྱུ་མཚན་ནི། རྒྱུན་དུ་མི་མང་པོས་ཧི་མ་ཡའི་རི་རྒྱུད་ཟེར་ནས་ཧ་ཅང་འདྲ་ཆགས་པོ་བཤད་ཀྱི་ཡོད་ཀྱང་། དོན་པར་བསམ་པ་དང་བཤད་པ་ནང་བཞིན་མིན་པར་ཚང་མ་ཕན་ཚུན་ཁ་ཁ་སོ་སོ་ཆགས་ཀྱི་ཡོད་པ་དང་། མི་རིགས་ནང་ཁུལ་ཕན་ཚུན་ལ་ཡང་དེ་ཙམ་དོ་སྣང་དང་འཆམ་མཐུན་མེད་པ་དང་། གཅིག་གིས་གཅིག་ལ་དཀའ་ངལ་བཟོ་བ་ལྟ་བུ་མང་པོ་གོ་རྒྱུ་ཡོད་པ། བོད་རིགས་གཅིག་པུར་མཚོན་ན་ཡང་ལ་དགས་དང་། ཨ་རུ་ན་ཅལ་ནས་དཀའ་ངལ་ཆེ་རུ་འགྲོ་ཡི་ཡོད་པ། ལ་དགས་ནང་ཁུལ་ལ་ཡང་ཁ་ཆེ་དང་ནང་པའི་དཀའ་ངལ་ལྟ་བུའི་དཀའ་ངལ་མང་པོ་ཡོད་ཀྱང་། དེ་དག་ཞི་བ་དང་འཆམ་མཐུན་ཡོང་བར་ལས་འགུལ་འདི་འདྲ་མ་སྤེལ་ན་ཡོང་གི་མེད་སྟབས་དེ་ཡོང་ཆེད་དང་། དེང་སང་བུད་མེད་ནུས་སྟོབས་ཐོག་བཤད་མཁན་མང་པོ་ཡོད་ཀྱང་། ཁ་ཚ་དགོས་གཏུགས་སུ་དེའི་ཐོག་ལས་ཀ་ལས་མཁན་དཀོན་པོ་ཡིན་སྟབས། ཧི་མ་ལ་ཡའི་ནང་ཁུལ་ལ་འཆམ་མཐུན་ཡོང་བ་དང་། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཡོང་ཆེད་གཉིས་དམིགས་ཡུལ་གཙོ་བོ་རུ་བཟུང་བའི་ཐོག་ནས་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་གྱི་ལས་འགུལ་སྤེལ་བ་ཡིན་སྐོར་དང་། གཞན་ཡང་ཧི་མ་ལ་ཡའི་རི་བརྒྱུད་ལ་འགྲིམས་འགྲུལ་དང་། གཏེར་ཁ་སྔོག་འདོན། ཤིང་ནགས་གཅོད་འབྲེག་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་རྣམས་ཀྱི་སྐོར་ལ་བརྒྱུད་ལམ་འདི་དག་ལ་བརྟེན་ནས་སྐད་ཆ་བཤད་ཐུབ་རྒྱུའི་དམིགས་འདུན་ཡོད་སྐོར་བརྗོད་སོང་།

འདི་ལོའི་འགྲན་ཞུགས་པ་རྣམས་ནི་རང་ལོ་༢༥ ལ་སོན་ཞིང་ཅོམ་པ་ནས་ཡིན་པའི་ཨ་ཡི་ཤ་གྷུ་རུང་དང་། རང་ལོ་༡༩ ལ་སོན་ཞིང་དྷ་རམ་ས་ལ་ནས་ཡིན་པའི་ཨ་ཀན་ཤ་མ་ཧ་ཏི། རང་ལོ་༢༢ ལ་སོན་ཞིང་ཀ་ཛ་ནས་ཡིན་པའི་སྐལ་བཟང་བྷུ་ཊི་ཐི། རང་ལོ་༡༨ ལ་སོན་ཞིང་ན་ཐན་ནས་ཡིན་པའི་མན་ནེ་ཊི་ཐ་ཀུར། རང་ལོ་༢༠ ལ་སོན་ཞིང་རེམ་པུར་བྷུ་ཤར་ནས་ཡིན་པའི་མོ་ནི་ཀ་ནེ་གྷི། རང་ལོ་༡༧ ལ་སོན་ཞིང་པ་ལམ་པུར་ནས་ཡིན་པའི་ཐ་ཀུར། རང་ལོ་༢༡ ལ་སོན་ཞིང་གྷ་གྷལ་ནས་ཡིན་པའི་པི་རེའི་ཀ་ཤ་ར་ན། རང་ལོ་༢༠ ལ་སོན་ཞིང་དྷ་ར་ས་ལ་ནས་ཡིན་པའི་སིམ་རན་མེ་ཧ་ཏ། རང་ལོ་༢༤ ལ་སོན་ཞིང་བལ་ཡུལ་ཀ་ཐ་མན་ཊུ་ནས་ཡིན་པའི་བོད་པའི་བུ་མོ་བཀྲ་ཤིས་ལྷ་མོ་བཅས་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

 

 

Print Friendly, PDF & Email
Share on Facebook59Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 750

Leave a Reply