ཧིན་སྒོར་འབུམ་༦༠༠ ཡིས་བོད་ཀྱི་འགྲེམས་སྟོན་ཁང་འཛུགས་འཆར།

བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་ཀྱི་ཁང་རྩིག་གསར་པའི་ཐོག་རྩེག་གཅིག་ནང་། བོད་ཀྱི་འགྲེམས་སྟོན་ཁང་གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། དེའི་ནང་བཀོད་དང་ཅ་དངོས། མཐུན་རྐྱེན་སོགས་ལ་འགྲོ་སོང་ཧིན་སྒོར་འབུམ་༦༠༠ ཙམ་འགྲོ་རྒྱུ་ཡིན་ཁར། འབུམ་༣༥༠ ཐབས་ཤེས་བྱས་ཟིན་ཡོད་འདུག

ཟླ་༡ པོའི་ཚེས་༡༢ ཉིན་དྷ་ས་གངས་སྐྱིད་བཀའ་ཤག་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁང་གི་འགྲེམས་སྟོན་ཚན་པས་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་ཞིག་འཛུགས་རྒྱུའི་ལས་འཆར་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་བ་དང་། དེ་གར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཕྱི་དྲིལ་གྱི་དྲུང་ཆེ་རྣམ་གཉིས། འགྲེམས་སྟོན་ཚན་པའི་འགན་འཛིན་དང་ལས་བྱེད། འགྲེམས་སྟོན་ཁང་གསར་པའི་ལས་གཞིར་མཐུན་སྦྱོར་བྱེད་མཁན་ཁག་ཅིག་བཅས་ཀྱིས་མཉམ་ཞུགས་བྱས་སོང་།

འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་བརྗོད་དོན་ལ། འདས་པའི་ནང་མེག་གྷན་དུ་ཡོད་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་དྲིལ་བསྒྲགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་ཞིག་འཛུགས་རྒྱུ་གལ་ཆེན་མཐོང་སྟེ། ལས་གཞི་འགྲོ་བཞིན་ཡོད་པ་རེད། དེ་ཡང་འགྲེམས་སྟོན་ཁང་གསར་པ་ཞིག་འཛུགས་དགོས་པའི་རྒྱུ་མཚན་ནི། ད་ཡོད་ཀྱི་འགྲེམས་སྟོན་ཁང་དེའི་ས་ཆ་ཆུང་ཆུང་ཡིན་རྐྱེན། གནད་དོན་ཚང་མ་སྒྲིག་གཤོམ་བྱེད་ཐུབ་ཀྱི་མེད་པས། གནད་དོན་ཆ་ཚང་བ་སྒྲིག་གཤོམ་ཡོང་ཆེད་དང་། དྷ་སར་ཡུལ་སྐོར་སྤྲོ་འཆམ་པ་སོགས་མང་དུ་འགྲོ་བཞིན་ཡོད་པས། བོད་དོན་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་ཆེད་དང་བོད་དོན་རྒྱབ་སྐྱོར་ཐོབ་ཆེད་ཡིན་པ། དེ་བཞིན་འགྲེམས་སྟོན་ཁང་གསར་པ་དེའི་ནང་ད་ཡོད་ཀྱི་འགྲེམས་སྟོན་ཁང་དང་མི་འདྲ་བར། པར་སྒྲིག་གཤོམ་ཐོག་དངོས་རྫས་མང་པོ་ཞིག་སྒྲིག་གཤོམ་བྱེད་རྒྱུ་ཡིན་པས། ད་ལྟའི་ཆར་བོད་ཀྱི་དངོས་རྫས་མཁོ་སྒྲུབ་བྱེད་བཞིན་ཁར། བོད་མི་ཚོས་དངོས་རྫས་རིགས་ཞལ་འདེབས་གནང་བར་རེ་སྐུལ་ཞུས་ཡོད་པ་རེད།

འགྲེམས་སྟོན་གསར་པ་དེའི་ནང་བོད་ཀྱི་ངོ་སྤྲོད་སྙིང་བསྡུས། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་མ་བྱས་གོང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ད་ལྟའི་བོད་ནང་གི་གནས་སྟངས་དང་། ཁོར་ཡུག ༧གོང་ས་མཆོག་གི་མཛད་རྣམ་སོགས་ཀྱི་བརྗོད་གཞི་༡༡ ཐོག་སྒྲིག་གཤོམ་གཏན་འཇགས་བྱ་རྒྱུ་དང་། དེ་བཞིན་དུས་ཐུང་འགྲེམས་སྟོན་སྡེ་ཚན་། གློག་བརྙན་སོགས་ཀྱི་སྡེ་ཚན་བཟོ་ཆར་ཡོད་འདུག འགྲེམས་སྟོན་ཁང་གི་མཉེན་ཆས་དང་སྐད་རིགས་འདྲ་མིན་གྱི་འགྲེལ་བཤད་ཡོད་པའི་སྒྲ་ཉན་མཐུན་རྐྱེན་ཡང་བསྐྲུན་འཆར་ཡོད་པ་རེད།

དྲིལ་བསྒྲགས་དྲུང་ཆེ་བསྟན་འཛིན་ཟླ་སྒྲོན་གྱིས་འགྲེམས་སྟོན་ཁང་གསར་པ་དེའི་ནང་། རྒྱ་ནག་གི་བོད་དབང་སྒྱུར་ལ་བརྟེན་ནས་འདས་གྲོངས་སོང་བའི་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཀྱི་དྲན་རྟེན་གྱི་སྡེ་ཚན་ཞིག་གཏན་འཇགས་སུ་སྒྲིག་གཤོམ་བྱ་རྒྱུ་ཡིན་པ་དང་། བརྗོད་གཞི་དེའི་ཐོག་ནང་དོན་བཀོད་རིས་དང་བརྗོད་གཞི་སོགས་ཀྱི་ཐོག་བསམ་ཚུལ་གང་ཡོད་བཏོན་པའི་ཡོངས་ཁྱབ་སྒྱུ་རྩལ་འགྲན་སྡུར་ཞིག་གོ་སྒྲིག་བྱ་རྒྱུ་ཡིན་པས། ཨང་དང་པོ་ཐོབ་མཁན་ལ་ཧིན་སྒོར་འབུམ་གཅིག་བྱ་དགའ་སྤྲོད་རྒྱུ་ཡིན་པ་དང་། འགྲན་སྡུར་དེ་ཟླ་༣ པའི་༡༠ ཉིན་དེ་བསམ་ཚུལ་འབུལ་བའི་མཐའ་མའི་ཉིན་མོ་ཡིན་སྐོར་གསལ་བསྒྲགས་གནང་སོང་།

དེ་བཞིན་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས་བོད་ཀྱི་འགྲེམས་སྟོན་ཁང་དེ་རྒྱལ་སྤྱིའི་གནས་ཚད་ལྡན་པ་ཡོང་ཆེད། འགྲེམས་སྟོན་ཆེད་ལས་པའི་ལས་བྱེད་གསོ་སྐྱོང་བྱེད་རྒྱུ་གལ་ཆེན་ཡིན་རྐྱེན། འགྲེམས་སྟོན་དང་འབྲེལ་བའི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་ལོ་གཉིས་ཀྱི་སློབ་ཡོན་ཧིན་སྒོར་འབུམ་གཉིས་ཀྱི་སློབ་ཡོན་ཞིག་གསར་པ་གནང་རྒྱུའི་གསལ་བསྒྲགས་གནང་སོང་།

དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེས་གལ་ཏེ་བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་དུ་ལོ་ངོ་ལྔ་བཅུ་གནས་དགོས་པ་བྱུང་ཚེ། བདེན་པ་བཤད་ཐུབ་པ་དང་། བོད་དོན་གོ་རྟོགས་སྤེལ་ནས་རྒྱབ་སྐྱོར་ཐོབ་ཆེད་དུ་འགྲེམས་སྟོན་ཁང་གསར་པ་དེ་གལ་ཆེན་ཆགས་ཀྱི་ཡོད་སྐོར་དང་། འགྲེམས་སྟོན་ཁང་གསར་པ་དེའི་ནང་གི་བཀོད་རིས་དང་མཐུན་རྐྱེན་སོགས་ཀྱི་ཐོག་ལ་འགྲོ་སོང་ཧིན་སྒོར་འབུམ་༦༠༠ འགྲོ་རྒྱུ་ཡིན་པའི་ཁོངས་ནས། འབུམ་༣༥༠ ཐབས་ཤེས་བྱས་ཟིན་པ་སོགས་ཀྱི་སྐོར་ལ་གསུངས་སོང་།

འགྲེམས་སྟོན་གསར་པ་དེ་ཕྱི་ལོ་༢༠༡༨ ལོའི་ནང་འཛུགས་སྐྲུན་ཟིན་ནས་དབུ་འབྱེད་གནང་ཐབས་བྱ་རྒྱུ་ཡིན་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook152Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 694

Leave a Reply