ཧོང་ཀོང་གི་ཉེན་རྟོག་པ་བདུན་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད།

ཕྱི་ལོ་༢༠༡༤ ལོར་ཧོང་ཀོང་དུ་སློབ་ཕྲུག་གིས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་ཆེན་མོ་སྤེལ་སྐབས། ལས་འགུལ་བ་ཞིག་ལ་ཉེན་རྟོག་པས་རྡུང་རྡེག་བྱས་པའི་གནད་དོན་ཐད། ཉེན་རྟོག་པ་བདུན་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་འདུག

16790676_1414329501924248_1182988466_n

མང་གཙོའི་ལས་འགུལ་བ་འཇུ་བཟུང་སྐབས།

ཟླ་འདིའི་ཚེས་༡༧ ཉིན་གྱི་ཧོང་ཀོང་རང་དབང་གསར་ཤོག་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་གི་དམའ་རིམ་ཁྲིམས་ཁང་་གི་ཁྲིམས་དཔོན་གྱིས། ཉེན་རྟོག་པ་བདུན་གྱི་བྱེད་ལས་ལ་བརྟེན་ནས་རྒྱལ་སྤྱིའི་ནང་ཧོང་ཀོང་གི་མིང་བརྫད་ཡོད་པ་དང་། ཁོང་ཚོས་སྐབས་དེར་ལས་འགུལ་བ་ཀན་ཚང་ཞེས་པ་ཉེན་རྟོག་ལས་ཁང་ལ་ཁྲིད་ནས། རྡུང་རྡེག་བྱས་པ་དེར་རྒྱུ་མཚན་གནས་ལུགས་གང་གིས་ཀྱང་ཁུངས་འཁྱོལ་རྒྱུ་མེད་པས། མ་འོངས་པར་ཉེན་རྟོག་པ་སུ་གང་གིས་ཁྲིམས་འགལ་གྱི་ལས་རིགས་མི་བྱེད་པའི་ཆེད་དུ་མིག་དཔེ་སྟོན་དགོས་སྐོར་བརྗོད་ནས། ཐོག་མར་ཉེན་རྟོག་པ་བདུན་པོར་ལོ་གཉིས་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་འདུག་ཀྱང་། དེ་དག་གིས་དུས་ཚོད་རིང་པོའི་རིང་ཉེན་རྟོག་པའི་ལས་དོན་བྱས་པའི་རྒྱབ་ལྗོངས་ལ་བརྟེན་ནས། བཙོན་འཇུག་གི་དུས་ཡུན་ཟླ་༦ ཉུང་དུ་བཏང་ཡོད་འདུག

ཁྲིམས་ཁང་ནང་དུ་ཉེན་རྟོག་པ་དང་མང་གཙོའི་ལས་འགུལ་བའི་རྒྱབ་སྐྱོར་བའི་བར་ལ། སྐད་ཤུགས་ཆེན་པོའི་རྩོད་བརྒྱབ་པའི་གནས་ཚུལ་བྱུང་ཡོད་འདུག དེ་བཞིན་ཧོང་ཀོང་གཞུང་གི་རྒྱབ་སྐྱོར་བ་ཞིག་གིས། མང་གཙོའི་ལས་འགུལ་གོ་སྒྲིག་པ་ཚོར་ཁྲིམས་ཆད་བཏང་མེད་པས། དེ་ནི་དྲང་བདེན་ཞིག་མིན་སྐོར་གསར་འགོད་པ་ཚོར་བརྗོད་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༤ ལོའི་ཟླ་༡༠ པའི་ཚེས་༡ ཉིན་ཉེན་རྟོག་པ་ཁག་ཅིག་གིས་ལས་འགུལ་བ་ཀན་ཚང་འཇུ་བཟུང་བྱས་ཏེ། ཐོག་མར་རྡུང་རྡེག་བྱས་ཏེ། རྗེས་སུ་ཉེན་རྟོག་ཁང་ཞིག་ལ་འཁྱེར་ཏེ་བསྐྱར་དུ་རྡུང་རྡེག་བྱས་ཡོད་འདུག

པེ་ཅིང་སྲིད་གཞུང་གིས་འཆར་འགོད་བྱས་པའི་ཕྱི་ལོ་༢༠༡༧ ལོའི་ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་གཏན་འབེབས་ནང་། ཐེངས་དང་པོར་ཧོང་ཀོང་མི་མང་གིས་འོས་བླུག་སྟེ་སྲིད་གཞུང་གི་འགོ་ཁྲིད་འདེམས་པའི་ཆོག་མཆན་ཐོབ་ཡོད་ཀྱང་། གཙོ་འཛིན་གྱི་འོས་མི་རྣམས་འོས་བསྡུ་ལྷན་ཁང་བརྒྱུད་དེ་བཀའ་ཁྲོལ་ཐོབ་དགོས་པ་མ་ཟད། འོས་བསྡུ་ལྷན་ཁང་དེའི་ཚོགས་མི་༡༢༠༠ ཡོད་པའི་ནང་གི་མང་ཤོས་པེ་ཅིང་ཕྱོགས་གཏོགས་ཀྱི་མི་ཡིན་པར་བརྟེན། ཧོང་ཀོང་གི་སློབ་ཕྲུག་གཙོས་པའི་མང་གཙོའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གིས། དེ་ནི་མང་གཙོའི་རྣམ་པ་རྫུན་མ་ཡིན་པའི་སྐྱོན་བརྗོད་འོག་ངོ་རྒོལ་ཤུགས་ཆེན་བྱས་ནས། ཉི་གདུགས་ཀྱི་ལས་འགུལ་ཆེན་མོ་ཞེས་པ་བྱུང་ཡོད་པ་རེད། ལས་འགུལ་ཆེན་མོ་དེར་འགྲུལ་ལམ་བཀག་སྡོད་ཀྱིས་ཞི་རྒོལ་ཕྱི་ལོ་༢༠༡༤ ལོའི་ཟླ་༩ པའི་ཚེས་༢༦ ནས་ཟླ་༡༢ པའི་ཚེས་༡༥ བར་བྱས་ཡོད་ནའང་། རྒྱ་ནག་གཞུང་གི་སྲིད་ཇུས་ལ་འགྱུར་བ་གང་ཡང་མ་བཏང་མེད་པ་རེད། རྒྱལ་སྤྱིའི་ནང་དང་ལྷག་པར་དུ་ཧོང་ཀོང་ནང་དུ་མང་གཙོ་དོན་གཉེར་བ་དང་རང་བཙན་དོན་གཉེར་བའི་སེམས་ཚོར་ཆེན་པོ་བསྐྲུན་ཐུབ་ཡོད་པ་དང་། དེ་བཞིན་ལས་འགུལ་དེ་ནི་གནམ་སྡེ་སྒོ་མོའི་ལས་འགུལ་རྗེས་སུ་རྒྱ་ནག་གཞུང་ལ་ཁ་གཏད་བཅག་པའི་ལས་འགུལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 545

Leave a Reply