ཧོང་ཀོང་གི་དུས་དྲན་ཐོག་ཞི་ཅིན་ཕིང་གིས་ཉེན་བརྡ་བཏང་འདུག

ཧོང་ཀོང་རྒྱ་ནག་གི་འོག་ཏུ་བླངས་ནས་ལོ་ངོ་༢༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་ཧོང་ཀོང་གི་བདག་དབང་དང་འབྲེལ་བའི་ཐོག་ལ་དཀའ་རྙོག་ག་འདྲ་ཞིག་བྱུང་ན་དེར་བཟོད་སྒོམ་བྱེད་རྒྱུ་མིན་ཞེས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་སྔ་དྲོ་རྒྱ་ནག་གཞུང་གིས་ཧོང་ཀོང་དབྱིན་ཇིའི་རྒྱལ་ཁབ་ནས་རྒྱ་ནག་གི་འོག་ཏུ་བླངས་ནས་ལོ་ངོ་༢༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཧོང་ཀོང་དུ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཧོང་ཀོང་གི་བུད་མེད་འགོ་ཁྲིད་ཐོག་མ་རུ་གྱུར་པའི་ལྕམ་ཁེ་རི་ལེམ་གྱིས་ཧོང་ཀོང་སྤྱི་ཁྱབ་པའི་འགན་ཁུར་དམ་འབུལ་བྱས་ཡོད་པ་རེད། ཞི་ཅིན་ཕིང་གིས་སྐར་མ་༣༠ ཡི་རིང་གཏམ་བཤད་བྱས་ཡོད་པ་དང་། སྐབས་དེར་མི་ཆེན་དཔོན་ཆེན་ཚོས་ཚོགས་ཁང་ཡོངས་སུ་ཁེངས་ཡོད་ཀྱང་། དེ་དག་ཕལ་ཆེ་བ་ནི་རྒྱ་ནག་ཕྱོགས་གཏོགས་པ་རྣམས་ཡིན་འདུག

དེ་ཡང་ཞིི་ཅིན་ཕིན་གྱིས་གཏམ་བཤད་ནང་“རྒྱ་ནག་གི་བདག་དབང་དང་། བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་བྱ་སྤྱོད་ཀྱི་རིགས་དང་།  དབུས་གཞུང་གི་ནུས་པ་དང་། ཧོང་ཀོང་ཕྱེད་རང་སྐྱོང་གི་གཞི་རྩའི་ཁྲིམས་ལུགས་བཅས་ལ་ཁ་གཏད་གཅོག་པའམ། ཧོང་ཀོང་བེད་སྤྱོད་བྱས་ནས་རྒྱ་ནག་སྐམ་ས་ཆེན་མོར་གཏོར་རྒོལ་ངན་ཇུས་ཀྱི་ལས་འགུལ་སྤེལ་བ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཡིན་པས་དེ་གཏན་ནས་བྱ་མི་ཆོག་པ་ཞིག་རེད་” ཅེས་གསུངས་ནས་ཉེན་བརྡ་བཏང་ཡོད་འདུག ཁོང་གི་སྐད་ཆ་ཤུགས་ཆེན་པོ་འདི་ནི་ཧོང་ཀོང་ནང་གི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་ཐོག་དངངས་འཚབ་ཆེ་རུ་འགྲོ་བཞིན་པའི་སྐབས་ཤིག་དང་།  ཧོང་ཀོང་ནང་རྒྱ་ནག་པེ་ཅིང་གཞུང་གི་ཐེ་ཇུས་ཤུགས་ཆེ་རུ་འགྲོ་བཞིན་པར་སེམས་ཁུར་བྱེད་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་འདུག
དེ་བཞིན་ལྕམ་ཁེ་རི་ལེམ་གྱི་གཏམ་བཤད་ནང་། ཧོང་ཀོང་ནང་ད་ལྟ་ཆབ་སྲིད་དང་སྤྱི་ཚོགས་གཉིས་ཀའི་ཐོག་ནས་དཀའ་ངལ་ཡོད་ཀྱང་། དཀའ་ངལ་དེ་དག་ཉིན་མཚན་གཅིག་ནང་སེལ་ཐུབ་རྒྱུ་ཞིག་མིན་སྐོར་བརྗོད་ཡོད་འདུག

སྐབས་དེར་མང་གཙོ་དོན་གཉེར་བ་ཚོས་འཕྲེད་དར་ཐོག མང་གཙོ་དང་རང་ཐག་རང་གཅོད་ཅེས་བྲིས་ནས་ཕྱི་ལོགས་ནས་ངོ་རྒོལ་བྱས་ཡོད་འདུག
ཁོང་ཚོས་ཧོང་ཀོང་མི་མང་རྣམས་སེམས་ཤུགས་ཆག་མི་རུང་བ་དང་། གལ་ཏེ་སེམས་ཤུགས་ཆག་ཚེ་ཧོང་ཀོང་ཡང་ཉིན་ཞིག་དེ་རིང་ཁ་སང་གི་རྒྱ་ནག་བཞིན་ཆག་རྒྱུ་ཡིན་སྐོར་སོགས་བརྗོད་ནས་ངོ་རྒོལ་བྱས་ཡོད་འདུག་ཀྱང་། ངོ་རྒོལ་ལས་འགུལ་བ་མང་པོ་ཉེན་རྟོག་པས་ཁྲིད་ཡོད་འདུག དེ་བཞིན་རྒྱ་ནག་ཕྱོགས་གཏོགས་མི་ཁ་ཤས་ཀྱིས་རྒྱ་ནག་ཡུན་རིང་བརྟན་པར་ཤོག་ཅེས་པའི་འཕྲེད་དར་གཡུགས་ནས་སྐད་འབོད་སྒྲ་བསྒྲགས་ཏེ་རྒྱབ་སྐྱོར་ཡང་བྱས་ཡོད་འདུག

དཔལ་འབྱོར་གྱི་བསྟི་གནས་ཆེན་པོ་རུ་གྱུར་པའི་ཧོང་ཀོང་གི་རྩ་ཁྲིམས་ཆུང་ཆུང་ངམ་གཞི་རྩའི་ཁྲིམས་ལུགས་ཀྱི་ཐོག་ནས། ཕྱི་ལོ་༡༩༩༧ ལོར་དབྱིན་ཇིའི་རྒྱལ་ཁབ་ནས་རྒྱ་ནག་གི་འོག་ཏུ་བླངས་ནས་བཟུང་། ཉུང་མཐར་ལོ་༥༠ ཡི་རིང་ཧོང་ཀོང་གི་རང་དབང་ཐོག་ཁག་ཐེག་ཡོད་འདུག

ཧོང་ཀོང་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་ཀྱི་འོག་ནས་དམིགས་བསལ་འཛིན་སྐྱོང་ཐོག་ཕྱེད་རང་སྐྱོང་གི་གནས་བབ་འོག་ཡོད་པ་ཞིག་རེད། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook30Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 687

Leave a Reply