ཧོང་ཀོང་མང་གཙོ་དོན་གཉེར་བ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཧོང་ཀོང་ནང་གི་ཁྲིམས་ཁང་མཐོ་ཤོས་གཉིས་པ་བསྐྱར་ཞུ་ཁྲིམས་ཁང་(The Court of Appeal)  གིས། ཕྱི་ལོ་༢༠༡༤ ལོའི་ཧོང་ཀོང་ནང་ཉི་གདུགས་ཀྱི་མང་གཙོའི་ལས་འགུལ་ཆེན་མོའི་སྐབས་སློབ་ཕྲུག་འགོ་ཁྲིད་གསུམ་ལ། བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག་པ་དང་། དེ་དང་བསྟུན་ནས་ཁོང་ཚོར་ལོ་༥ ཡི་རིང་སྤྱི་པའི་ལས་གནས་ལ་འོས་མི་ལང་རྒྱུའི་ཐོབ་ཐང་མེད་པ་ཆགས་རྒྱུ་ཡིན་འདུག

ཟླ་༨ པའི་ཚེས་༡༧ ཉིན་ཧོང་ཀོང་རང་དབང་གསར་ཤོག་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༦ ལོའི་ཟླ་༨ པའི་ནང་ཕྱི་ལོ་༢༠༡༤ ལོའི་ཉི་གདུགས་ཀྱི་མང་གཙོའི་ལས་འགུལ་ཆེན་མོའི་སྐབས། སློབ་ཕྲུག་འགོ་ཁྲིད་ཇོ་ཤེ་ཝ་ཝོང་དང་། ཨེ་ལེག་སེ་ཅའོ། ནཱེ་ཐན་ལོ་བཅས་ཀྱིས་ཁྲིམས་འགལ་གྱི་འདུ་འཛོམས་བྱས་པའི་ནག་ཉེས་ར་སྤྲོད་ཀྱི་ཐག་གཅོད་བྱས་ཏེ། ཁྲིམས་ཁང་ཞིག་གིས་ཇོ་ཤེ་ཝ་ཝོང་ལ་ཆུ་ཚོད་༨༠ ཡི་སྤྱི་ཚོགས་ཞབས་ཞུའི་ཉེས་པ་བཏང་ཡོད་པ་དང་། ནཱེ་ཐན་ལོ་ལ་ཆུ་ཚོད་༡༢༠ ཡི་སྤྱི་ཚོགས་ཞབས་ཞུའི་ཉེས་པ། དེ་བཞིན་ཨེ་ལེག་སེ་ཅའོ་ལ་ལོ་གཅིག་རིང་ཚོད་ལྟའི་ཐོག་བདུན་ཕྲག་གསུམ་ནར་འགྱངས་(suspended jail sentence)ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འོན་ཀྱང་ཕྱི་ལོ་༢༠༡༧ ལོའི་ཟླ་༨ པའི་ནང་ཧོང་ཀོང་གི་ཁྲིམས་དོན་ལྷན་ཁང་གིས་ཁྲིམས་ཁང་གིས་ཁོ་ཚོའི་ནག་ཉེས་ཀྱི་ཚབས་ཆེན་རང་བཞིན་ལ་སྣང་མེད་བཏང་ཡོད་སྐོར་བརྗོད་ནས། ཁོ་ཚོར་བཅད་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་བྱེད་དགོས་པའི་ཞུ་གཏུག་བྱས་རྐྱེན། ཧོང་ཀོང་གི་ཁྲིམས་ཁང་མཐོ་ཤོས་གཉིས་པ་བསྐྱར་ཞུ་ཁྲིམས་ཁང་གིས་ཟླ་༨ པའི་ཚེས་༡༧ ཉིན་ཇོ་ཤེ་ཝ་ཝོང་ལ་ཟླ་བ་༦ དང་ཨེ་ལེག་སེ་ཅའོ་ལ་ཟླ་བ་༧། ནཱེ་ཐན་ལོ་ལ་ཟླ་བ་༨ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ད་ལྟའི་ཆར་ཇོ་ཤེ་ཝ་ཝོང་དང་ནཱེ་ཐན་ལོ་གཉིས་ཀྱིས་དེ་སྔོན་གྱི་ཁྲིམས་ཆད་ལྟར་སྤྱི་ཚོགས་ཞབས་ཞུའི་ཆུ་ཚོད་རྣམས་བསྒྲུབས་ཟིན་ཡོད་འདུག

ཇོ་ཤེ་ཝ་ཝོང་གིས་མང་གཙོའི་ལས་འགུལ་ཆེན་མོ་ལ་མཉམ་ཞུགས་བྱས་པར་ཁོང་ལ་འགྱོད་པ་མེད་ཁར་སྤོབས་པ་ཡོད་པ། ཧོང་ཀོང་ནང་ཆབ་སྲིད་ཀྱི་བཙན་གནོན་ཆེ་རུ་འགྲོ་བཞིན་ཡོད་པ། དེ་བཞིན་ཁོ་ཚོ་ལོ་རྗེས་མར་བཙོན་ཁང་ནས་ཕྱིར་འཐོན་ཡོང་དུས། ཧོང་ཀོང་མི་མང་སེམས་ཤུགས་ཆགས་མེད་པ་ཞིག་མཐོང་རྒྱུ་ཡིན་སྐོར་བརྗོད་འདུག ཁོ་ཚོའི་རྒྱབ་སྐྱོར་བ་ཚོས་ཁྲིམས་ཁང་ཕྱིར་ཆབ་སྲིད་ཀྱི་བཙན་གནོན་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་འདུག ཁོང་ཚོ་གསུམ་ལ་བཙོན་འཇུག་ཁྲིམས་ཐད་བཅད་པའི་དུས་ཡུན་དེ་ཟླ་བ་༣ བརྒལ་གྱི་ཡོད་པས། ལོ་༥ ཡི་རིང་ཁོང་ཚོ་གསུམ་གྱིས་སྤྱི་པའི་ལས་ཁུངས་ཏེ་གྲོས་ཚོགས་དང་། རྫོང་གི་འཐུས་ཚོགས་སོགས་ཀྱི་འོས་བསྡུར་འོས་མི་ལང་ཆོག་གི་མེད་པ་རེད་འདུག

རྒྱ་ནག་ཐོག་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གི་འགན་འཛིན་སོ་ཧྥེ་ཡིས། ཧོང་ཀོང་གཞུང་གིས་ཐོག་མར་ནས་ཞི་བའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་དེ་དག་ལ་ཉེས་འཛུགས་བྱེད་མི་རུང་བ་ཞིག་ཡིན་པ་དང་། ཧོང་ཀོང་གི་ཁྲིམས་དོན་ལྷན་ཁང་གིས་ཁྲིམས་ཆད་ལ་བསྐྱར་ཞིབ་ཆེད་ཞུ་གཏུག་བྱས་པ་དེ་ཡང་། མི་མང་གི་སྒྲིག་ཁྲིམས་དང་བདེ་འཇགས་ལ་འབྲེལ་བ་མེད་ཁར། དེ་ནི་ཁོང་ཚོ་གསུམ་ལ་གྲོས་ཚོགས་ནང་ཞུགས་མི་ཐུབ་ཆེད་དང་། མ་འོངས་པར་མང་གཙོའི་ལས་འགུལ་དེ་རིགས་འགོག་ཆེད་དུ་ཆབ་སྲིད་ཀྱི་འགུལ་སྤྱོད་ཅིག་ཡིན་སྐོར་བརྗོད་འདུག

པེ་ཅིང་སྲིད་གཞུང་གིས་འཆར་འགོད་བྱས་པའི་ཕྱི་ལོ་༢༠༡༧ ལོའི་ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་གཏན་འབེབས་ནང་། ཐེངས་དང་པོར་ཧོང་ཀོང་མི་མང་གིས་འོས་བླུག་སྟེ་སྲིད་གཞུང་གི་འགོ་ཁྲིད་འདེམས་པའི་ཆོག་མཆན་ཐོབ་ཡོད་ཀྱང་། གཙོ་འཛིན་གྱི་འོས་མི་རྣམས་འོས་བསྡུ་ལྷན་ཁང་བརྒྱུད་དེ་བཀའ་ཁྲོལ་ཐོབ་དགོས་པ་མ་ཟད། འོས་བསྡུ་ལྷན་ཁང་དེའི་ཚོགས་མི་༡༢༠༠ ཡོད་པའི་ནང་གི་མང་ཤོས་པེ་ཅིང་ཕྱོགས་གཏོགས་ཀྱི་མི་ཡིན་པར་བརྟེན། ཧོང་ཀོང་གི་སློབ་ཕྲུག་གཙོས་པའི་མང་གཙོའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གིས། དེ་ནི་མང་གཙོའི་རྣམ་པ་རྫུན་མ་ཡིན་པའི་སྐྱོན་བརྗོད་འོག་ངོ་རྒོལ་ཤུགས་ཆེན་བྱས་ནས། ཉི་གདུགས་ཀྱི་ལས་འགུལ་ཆེན་མོ་ཞེས་པ་བྱུང་ཡོད་པ་རེད། ལས་འགུལ་ཆེན་མོ་དེར་འགྲུལ་ལམ་བཀག་སྡོད་ཀྱིས་ཞི་རྒོལ་ཕྱི་ལོ་༢༠༡༤ ལོའི་ཟླ་༩ པའི་ཚེས་༢༦ ནས་ཟླ་༡༢ པའི་ཚེས་༡༥ བར་བྱས་ཡོད་པ་རེད། ལས་འགུལ་དེ་ལ་རྐྱེན་པས་རྒྱ་གཞུང་གིས་སྲིད་བྱུས་འགྱུར་བ་བཏང་བའི་གྲུབ་འབྲས་ཐོན་པ་གང་ཡང་བྱུང་མེད་པ་རེད་དེ། རྒྱལ་སྤྱིའི་ནང་དང་ལྷག་པར་དུ་ཧོང་ཀོང་ནང་དུ་མང་གཙོ་དོན་གཉེར་བ་དང་རང་བཙན་དོན་གཉེར་བའི་སེམས་ཚོར་ཆེན་པོ་བསྐྲུན་ཐུབ་ཡོད་པ་རེད། དེ་བཞིན་ལས་འགུལ་དེ་ནི་གནམ་སྡེ་སྒོ་མོའི་ལས་འགུལ་རྗེས་སུ་རྒྱ་གཞུང་ལ་ཁ་གཏད་བཅག་པའི་ལས་འགུལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 205

Leave a Reply