ཧྥ་རན་སིའི་སྲིད་འཛིན་གྱི་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་ཐོབ་པ།

ཧྤ་རན་སིའི་སྲིད་འཛིན་གསར་པ་སྐུ་ཞབས་ཨེ་མུལ་མེར་ཁོན་གྱིས་ལོ་གཅིག་སྔོན་དུ་བཙུགས་པའི་སྤྱི་མཐུན་མདུན་བསྐྱོད་ཚོགས་པར། ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར། རྐུབ་སྟེགས་མང་མོས་ཐོབ་ཡོད་པ་དང་། ཚོགས་པ་རྙིང་ཤོས་རྣམས་ལ་ཕམ་ཉེས་ཆེན་པོ་བྱུང་ནས། ཧྥ་རན་སིའི་ཆབ་སྲིད་ཀྱི་འགྲོས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་༡༨ ཉིན་ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་རིམ་པ་གཉིས་པ་དེ་བྱས་ཡོད་པ་དང་། ད་ལྟའི་ཆར་འོས་ཤོག་གྲངས་བཤེར་ཚང་མ་ཚར་གྲབས་ཡོད་པ་དང་བསྟུན། གྲོས་ཚོགས་ཀྱི་རྐུབ་སྟེགས་༥༧༧ ལས་སྲིད་འཛིན་སྐུ་ཞབས་ཨེ་མུལ་མེར་ཁོན་གྱི་སྤྱི་མཐུན་མདུན་བསྐྱོད་ཚོགས་པ་ལ་རྐུབ་སྟེགས་༣༠༠ དང་། དེའི་མཐུན་ཕྱོགས་མང་གཙོ་ལས་འགུལ་ཚོགས་པར་རྐུབ་སྟེགས་༤༡ ཐོབ་ཡོད་འདུག་པས། གྲོས་ཚོགས་ནང་དགོས་མཁོའི་མང་མོས་ཀྱི་རྐུབ་སྟེགས་༢༨༩ ལས་མང་བ་ཐོབ་ཡོད་པ་རེད། སྲིད་འཛིན་ཁོང་གི་ཡུ་རོབ་མཐུན་ཚོགས་ལ་འབྲེལ་ལམ་བྱེད་རྒྱུ་དང་། དེ་བཞིན་རྒྱལ་སྤྱིའི་ནང་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ། རྒྱལ་ནང་དུ་སྲིད་ཇུས་གསར་པ་བཟོ་འཆར་སོགས་ལ་གྲོས་ཚོགས་ནང་མང་མོས་རྒྱབ་སྐྱོར་ཐོབ་རྒྱུ་ལས་སླ་པོ་ཆགས་ཡོད་འདུག

ཧྤ་རན་སིའི་རྙིང་ཞེན་སྤྱི་མཐུན་ཚོགས་པ་དང་དེའི་མཐུན་ཕྱོགས་ཚོགས་པ་རྣམས་ཟླ་སྒྲིལ་བྱས་ཚེ། གྲོས་ཚོགས་ནང་རྐུབ་སྟེགས་༡༢༥ ནས་༡༣༡ བར་ཐོབ་རྒྱུ་ཡིན་འདུག་ཀྱང་། རྐུབ་སྟེགས་གྲངས་དེ་ནི་སྐབས་སྔོན་མའི་རྐུབ་སྟེགས་གྲངས་༢༠༠ ལས་མར་ཆགས་པ་རེད་འདུག

དེ་བཞིན་འདས་པའི་ལོ་ལྔའི་རིང་གི་གཞུང་འཛིན་ཚོགས་པ་སྤྱི་ཚོགས་རིང་ལུགས་ཚོགས་པ་དང་དེའི་མཐུན་ཕྱོགས་ལ། གྲོས་ཚོགས་ནང་རྐུབ་སྟེགས་༤༡ ནས་༤༩ མ་གཏོགས་ཐོབ་རྒྱུ་མིན་པས། ཚོགས་པ་དེའི་ལོ་རྒྱུས་ནང་ཕམ་ཉེས་ཆེ་ཤོས་ཡིན་འདུག

དེ་སྔོན་ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་རིམ་པ་གཉིས་པའི་འོས་མི་ལྕམ་མེ་རན་ལི་པན་གྱི་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པར་རྐུབ་སྟེགས་༨ ལས་ཐོབ་མེད་པ་དང་། མོ་རང་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད་པ་རེད།

ཐེངས་འདིའི་འོས་བསྡུ་རིམ་པ་གཉིས་པ་དེ་ཕྱི་ལོ་༢༠༡༢ ལོའི་འོས་བསྡུ་དང་མི་འདྲ་བར། འོས་བསྡུ་མཁན་གྱི་མི་མང་བརྒྱ་ཆ་༤༢ ལྷག་མ་གཏོགས་སླེབས་མེད་པས། གསར་འགོད་པ་ཚོས་སྐུ་ཞབས་མེར་ཁོན་གྱི་དགག་ཕྱོགས་མང་པོ་ཞིག འོས་འཕེན་སར་སླེབས་མེད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

སྲིད་འཛིན་སྐུ་ཞབས་མེར་ཁོན་གྱི་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མི་ཕྱེད་ཀ་ལྷག་ཅིག་དེ་སྔོན་ཆབ་སྲིད་ཀྱི་རྐུབ་སྟེགས་ཐོག་ལས་ཀ་བྱེད་མྱོང་མེད་མཁན་དང་། འོས་མིའི་ཁོངས་ཕོ་མོ་གཉིས་ཀྱི་གྲངས་ཀ་དེ་ཆ་སྙོམས་ཡིན་འདུག

དགག་ཕྱོགས་ཚོགས་པ་ཚོས། ཐེངས་འདིའི་འོས་བསྡུར་མི་མང་འོས་འཕེན་མཁན་གྱི་བརྒྱ་ཆ་དམའ་པོ་ཡིན་པ་དེས། སྲིད་འཛིན་མེར་ཁོན་གྱི་ཚོགས་པའི་རྒྱལ་ཁ་དེ། ཧྥ་རན་སིའི་མི་མང་གི་མང་མོས་རྒྱབ་སྐྱོར་མེད་པ་མཚོན་གྱི་ཡོད་སྐོར་བརྗོད་འདུག

ཡུ་རོབ་དང་ཨ་རི་སོགས་ནང་དུ་རྒྱལ་ཞེན་རིང་ལུགས་དང་མི་རིགས་རིང་ལུགས། ཕྱི་མིར་སྡང་སེམས་སོགས་ཀྱི་འདུ་ཤེས་ཤུགས་ཆེན་པོ་ཁྱབ་སྤེལ་དུ་འགྲོ་བཞིན་ཡོད་ཀྱང་། ཐེངས་འདིའི་ཧྥ་རན་སིའི་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་སུ། རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་བཟུང་བྱེད་མཁན་ལྕམ་མེ་རི་ལི་པན་དང་མོའི་ཚོགས་པར། འོས་བསྡུ་གཉིས་ཀར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 126

Leave a Reply