ཧྥ་རན་སིའི་སྲིད་འཛིན་གྱིས་ལས་འཁུར་དམ་འབུལ་ཞུས་པ།

ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་རིམ་པ་གཉིས་པའི་ནང་རྒྱལ་ཁ་ཐོབ་མཁན་སྐུ་ཞབས་ཨེ་མུལ་མེར་ཁོན་གྱིས། སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཞུས་ནས། རྒྱལ་ཁབ་དེའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་སྟོབས་ཆེན་བཟོ་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༡༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༡༤ ཉིན་རྒྱལ་ས་པེ་རི་སིའི་སྲིད་འཛིན་ཕོ་བྲང་དུ་སྐུ་ཞབས་ཨེ་མུལ་མེར་ཁོན་གྱིས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཞུས་པ་དང་། མཛད་སྒོ་གྲ་རྒྱས་པོ་ཞིག་འཚོགས་ཡོད་འདུག

ཁོང་གི་གཏམ་བཤད་ནང་། ཡུ་རོབ་མཐུན་ཚོགས་དེ་ལེགས་བཅོས་བྱས་ནས་འགོ་གསར་པ་འཛུགས་རྒྱུའི་ཁས་ལེན་བྱས་པ་དང་། ཧྥ་རན་སིའི་དཔལ་འབྱོར་ཡར་རྒྱས་དང་རྒྱལ་ནང་གི་ཁ་འཐོར་དང་འགལ་ཟླ་རྣམས་མེད་པ་ཆགས་དགོས་གལ་ཆེ་བ། དེ་བཞིན་མི་མང་ཚང་མར་རང་ཉིད་ཀྱི་རྒྱལ་ཁབ་དེའི་ནུས་སྟོབས་ཉམས་ཀྱི་མེད་ཁར། ནུས་སྟོབས་བསྐྱར་དར་གྱི་མཐའ་ལ་སླེབས་ཡོད་པའི་ཡིད་ཆེས་སྟེར་ཐུབ་པ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༢༤ ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་འཚོགས་ཡུལ་དེ་པེ་རི་སིར་ཆགས་ཐབས་སུ། གྲོང་ཁྱེར་དེས་རྒྱལ་ཁབ་གཞན་དང་འགྲན་སྡུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ཁས་ལེན་ཡང་བྱས་ཡོད་འདུག

དམ་འབུལ་གྱི་མཛད་སྒོ་འགོ་འཛུགས་མ་བྱས་པའི་སྔོན་དུ། སྐབས་སྔོན་པའི་སྲིད་འཛིན་སྐུ་ཞབས་ཧོ་ལེན་ཌེ་དང་སྐུ་ཞབས་མེར་ཁོན་གཉིས་ཆུ་ཚོད་གཅིག་ཙམ་སྐད་ཆ་བཤད་ནས་བསྡད་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཧོ་ལེན་ཌེ་ཡིས་སྲིད་འཛིན་གསར་པ་སྐུ་ཞབས་མེར་ཁོན་ལ། རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཀྱི་གསང་ཚིག་སྤྲད་ཡོད་པ་རེད།

སྲིད་འཛིན་སྐུ་ཞབས་མེར་ཁོན་གྱིས་ཁོང་གི་སྲིད་འཛིན་ལས་ཡུན་སྐབས་སེམས་ཁུར་བྱེད་ཡུལ་གཙོ་བོ་གཉིས་ནི། ཧྥ་རན་སིའི་མི་མང་རྣམས་རང་ཉིད་ལ་ཡིད་ཆེས་བསྐྱར་དུ་རྙེད་པའི་ཐབས་ལམ་འཚོལ་རྒྱུ་དང་། རྒྱལ་ཁབ་དེའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་སྟོབས་ཆེན་བཟོ་རྒྱུ་བཅས་ཡིན་སྐོར་བརྗོདཡོད་འདུག

དམ་འབུལ་མཛད་སྒོའི་རྗེས་ཀྱི་ཉིན་རྒྱབ་ཏུ། སྲིད་འཛིན་མེར་ཁོན་གྱིས་པེ་རི་སིའི་ནང་དུ་ཡོད་པའི་དམག་མིའི་སྨན་ཁང་ཞིག་ཏུ། རྨས་སྐྱོན་ཕོག་པའི་དམག་མི་རྣམས་ལ་བལྟ་སྐོར་དུ་ཕྱིན་ཡོད་པ་དང་། ཟླ་འདིའི་ཚེས་༡༥ ཉིན་ཧྥ་རན་སིའི་མཐུན་ཕྱོགས་རྒྱལ་ཁབ་གཙོ་བོ་འཇར་མན་གྱི་རྒྱལ་ས་བྷེར་ལེན་དུ་བསྐྱོད་ནས། སྲིད་བློན་ལྕམ་མེར་ཁེལ་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། དེ་བཞིན་ཁོང་གི་འདེམས་གའི་སྲིད་བློན་གྱི་མིང་འདོན་བྱ་རྒྱུ་ཡིན་འདུག

ཟླ་༦ པའི་ནང་ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། སྲིད་འཛིན་འོས་བསྡུར་ཕམ་ཉེས་བྱུང་བའི་ཧྥ་རན་སིའི་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པས། འོས་བསྡུ་དེར་འགྲན་རྩོད་ཆེན་པོ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ཕྱི་ལོ་༢༠༡༦ ལོར་གསར་འཛུགས་བྱས་པའི་སྲིད་འཛིན་སྐུ་ཞབས་མེར་ཁོན་གྱི་མདུན་སྐྱོད་ཚོགས་པས། འོས་མི་༤༢༨ གསལ་བསྒྲགས་བྱས་ཡོད་འདུག དེའི་ནང་བུད་མེད་༢༡༤ དང་སྐྱེས་པ་༢༡༤ མིང་འདོན་བྱས་ཡོད་ཁར། དེའི་ཁྲོད་བརྒྱ་ཆ་༥༢ ཡིས་དེ་སྔོན་འདེམས་ཐོན་བྱུང་བའི་ལས་གནས་ལ་ཞུགས་རྒྱུ་མེད་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༧ ཉིན་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་རིམ་པ་གཉིས་པ་དེ་རྒྱལ་ཞེན་རིང་ལུགས་པའི་ལྟ་བ་མཁྲེགས་འཛིན་མཁན་ལྕམ་མཱེ་རན་ལི་པེན་དང་བར་གནས་ཀྱི་ལྟ་བ་འཛིན་མཁན་སྐུ་ཞབས་ཨེམ་མུལ་མེར་ཁོན་གཉིས་བར་བྱས་ཏེ། སྐུ་ཞབས་མེར་ཁོན་ལ་འོས་འབངས་ཀྱི་བརྒྱ་ཆ་༦༦.༠༦ ཐོབ་ནས་རྒྱལ་ཁ་ཆེན་པོ་བླངས་ནས། ཧྥ་རན་སི་དེ་སྲིད་འཛིན་ལམ་ལུགས་སུ་བསྒྱུར་ནས་བཟུང་སྲིད་འཛིན་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་དང་།  ཕམ་ཉེས་བྱུང་བའི་ལྕམ་ལི་པེན་དང་མི་འདྲ་བར། ཁོང་གིས་ཡུ་རོབ་མཐུན་ཚོགས་དང་གོ་ལ་གཅིག་འགྱུར་སོགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་རེད།

ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་ནང་ཐེངས་དང་པོར་ཆབ་སྲིད་ཀྱི་ཚོགས་པ་ཆེ་ཤོས་གཉིས་ཀྱི་འོས་མི་དག འོས་བསྡུའི་རིམ་པ་གཉིས་པར་ཚུད་མེད་པའི་གནས་ཚུལ་བྱུང་བ་རེད། དེ་བཞིན་ཐེངས་འདིའི་ཧྥ་རན་སིའི་འོས་བསྡུའི་གྲུབ་འབྲས་དེས། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་རྒྱལ་ཞེན་རིང་ལུགས་པ་མཁྲེགས་འཛིན་གྱི་ཆབ་སྲིད་པར་ཕམ་ཉེས་བྱུང་བ་ཐེངས་གཉིས་པ་ཡིན་པ་རེད། དེ་ཡང་ཟླ་༣ པའི་ཚེས་༡༥ ཉིན་ཡུ་རོབ་ཧོ་ལེན་ཌེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་བྱས་ཡོད་པ་དང་། གནས་སྤོ་བ་དང་ཁ་ཆེ་ཆོས་ལུགས་སོགས་ལ་བཀག་འགོག་བྱེད་འདོད་པའི། རྒྱལ་ཞེན་རིང་ལུགས་ཀྱི་ཚོགས་པ་རང་དབང་ཚོགས་པ་ཞེས་པ་དེར་རྒྱལ་ཁ་ཐོབ་མེད་པས། ཚོགས་པ་དེའི་འགོ་ཁྲིད་སྐུ་ཞབས་ཝིལ་ཌེར་ལ་སྲིད་བློན་བྱེད་པའི་གོ་སྐབས་ཐོབ་མེད་པ་རེད། དེ་བཞིན་ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་དེར་ཡུ་རོབ་མཐུན་ཚོགས་དང་ཚོགས་མི་རྒྱལ་ཁབ་མང་པོ་ཞིག་གི་འགོ་ཁྲིད་རྣམས་སེམས་ལ་ལྷོད་ལྷོད་བཟོས་ཡོད་པ་ངེས་གཏན་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 440

Leave a Reply