ཧྥ་རན་སིའི་སྲིད་འཛིན་འོས་མིའི་ཁྱབ་བསྒྲགས་མཐའ་མ།

ཟླ་འདིའི་ཚེས་༢༣ ཉིན་ཧྥ་རན་སིའི་མི་མང་གིས་སྲིད་འཛིན་འོས་ཤོག་འཕེན་གྱི་ཡོད་པ་དང་། ཟླ་འདིའི་ཚེས་༡༩ ཉིན་སྲིད་འཛིན་འོས་མི་༡༡ གིས་བརྙན་འཕྲིན་གྱི་བཅར་འདྲིར་མཉམ་ཞུགས་བྱས་པ་ནི་འོས་མི་ཚང་མ་མཉམ་དུ་སྡིངས་ཆ་གཅིག་ཐོག་འཛོམས་པའི་འོས་བསྡུའི་ལས་རིམ་མཐའ་མ་དེ་ཡིན་འདུག

སྤྱིར་བཏང་འོས་བསྡུའི་ཁྱབ་བསྒྲགས་ཀྱི་ཉིན་མཐའ་མ་དེ་ཟླ་འདིའི་ཚེས་༢༠ ཡིན་འདུག་ཀྱང་། དྲ་ཐོག་བསམ་ཤོག་བསྡུ་ལེན་ཁྲོད་འོས་མང་ཤོས་ཐོབ་སྲིད་པའི་འོས་མི་གཉིས་ཀྱིས་ཉིན་དེར་ཁྱབ་བསྒྲགས་བྱ་རྒྱུ་མིན་སྐོར་བརྗོད་འདུག

དེ་ཡང་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་དང་ཨ་རིར་སྐུ་ཞབས་ཌོ་ནལ་ཊོམ་ལ་སྲིད་འཛིན་འོས་ཐོབ་རྗེས། ཡུ་རོབ་ནང་དུ་ཆབ་སྲིད་དང་མི་མང་གི་བསམ་ཚུལ་གྱི་ཁ་ཕྱོགས་གང་དུ་འགྲོ་ཡི་ཡོད་པ་ཚོད་དཔག་དཀའ་བའི་དུས་དེར། ཐེངས་འདིའི་ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་སྔོན་དཔག་བྱེད་དཀའ་ཤོས་ཀྱི་འོས་བསྡུ་ཞིག་ཡིན་པ་རེད།

འོས་བསྡུ་དེའི་ནང་མི་འདྲ་བ་ཞིག་ནི་སྔར་ཡིན་ན་སྤྱི་ཚོགས་རིང་ལུགས་ཚོགས་པ་དང་། སྤྱི་དམངས་ལས་འགུལ་ཚོགས་པ་གཉིས་ཀྱི་འོས་མི་ཞིག་ལ་འོས་ཐོབ་རྒྱུ་ངེས་གཏན་ཡིན་ཡང་། ཐེངས་འདིར་རྒྱལ་ཞེན་རིང་ལུགས་དང་གནས་སྤོ་བའི་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པའི་འོས་མི་ལྕམ་མེ་རན་ནི་ལི་པེན་དང་། ཕྱི་ལོ་༢༠༡༦ ལོར་གསར་འཛུགས་བྱས་པའི་མདུན་བསྐྱོད་ཚོགས་པའི་འོས་མི་སྐུ་ཞབས་ཨིམ་མུལ་མེར་ཁོན་གཉིས་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཁར། ཚོགས་པ་ཆེ་ཤོས་གཉིས་པོ་དེ་ལ་རྒྱབ་སྐྱོར་དེ་ཙམ་མེད་འདུག དེ་བཞིན་འོས་འཕེན་མཁན་མི་མང་བཞི་ཆ་གཅིག་གིས་འོས་མི་སུ་ལ་འོས་འཕེན་པའི་ཐག་གཅོད་ཐོབ་མེད་པས། མཉམ་ཞུགས་མི་བྱེད་མཁན་ཡང་དེ་སྔོན་ལས་མང་བ་ཆགས་སྲིད་འདུག

རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པའི་འོས་མི་ལྕམ་ལི་པེན་ནི་ཧྥ་རན་སིའི་རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེན་སྤེལ་མཁན་ཞིག་ཡིན་པ་དང་། གལ་ཏེ་མོ་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་གནད་དོན་དེའི་ཐད་མི་མང་གི་མང་མོས་འོས་བསྡུའི་ལས་རིམ་གོ་སྒྲིག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཁྲིམས་འགལ་གྱི་གནས་སྤོ་བ་དང་། ཁ་ཆེ་ཆོས་ལུགས་ཨི་སི་ལམ་གྱི་ཕྱོགས་ལྷུང་ལྟ་བ་འཛིན་མཁན་རྣམས་ཕྱིར་འབུད་གཏོང་དགོས་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་རེད།

དེ་བཞིན་བསམ་ཤོག་བསྡུ་ལེན་ཁྲོད་འོས་ཐོབ་རྒྱུར་རེ་བ་ཆེ་བའི་སྐུ་ཞབས་མེར་ཁོན་ནི་ཧྥ་རན་སི་དེ་ཡུ་རོབ་མཐུན་ཚོགས་སུ་མུ་མཐུད་གནས་དགོས་པ་དང་། དེ་བཞིན་ཧྥ་རན་སིའི་ནང་གནས་སྤོ་བའི་སྲིད་ཇུས་དེ་གུ་ཡངས་དགོས་སྐོར་གྱི་བསམ་ཚུལ་སྤེལ་མཁན་ཡིན་པ་རེད།

ཟླ་འདིའི་ཚེས་༢༣ ཉིན་གྱི་འོས་བསྡུའི་གྲུབ་འབྲས་ལ་འོས་མི་གཅིག་ལ་འོས་འབངས་ཀྱི་བརྒྱ་ཆ་༤༠ ནས་༤༥ དང་། འོས་མིའི་བར་འོས་གྲངས་ཀྱི་བརྒྱ་ཆའི་ཧེ་བག་དེ་བརྒྱ་ཆ་༥ ནས་༡༥ བར་མ་ཐོབ་ཚེ། འོས་མི་རྣམས་ཀྱི་ནང་ནས་འོས་ཤོག་མང་ཤོས་གཉིས་ཀྱི་བར་འོས་བསྡུ་རིམ་པ་གཉིས་པ་ཟླ་༥ པའི་ཚེས་༧ ཉིན་བྱ་རྒྱུ་ཡིན་པ་རེད། དྲ་ཐོག་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་ལ་གཞིགས་ན། ལྕམ་ལི་པེན་དང་སྐུ་ཞབས་མེར་ཁོན་གཉིས་བར་སྲིད་འཛིན་འོས་བསྡུ་རིམ་པ་བྱེད་དགོས་པ་ཆགས་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 408

Leave a Reply