ཧྥ་རན་སིར་སྲིད་འཛིན་ཊོམ་དང་འདྲ་བའི་འོས་མི་བུད་མེད་ཅིག་ལངས་འདུག

༢༠༡༧ ལོའི་ཡུ་རོབ་ཀྱི་ཧྥ་རན་སི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་པ་དང་། དེ་གར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་ལྟ་བ་ལངས་ཕྱོགས་འདྲ་བོ་འཛིན་མཁན་གྱི་བུད་མེད་ཅིག་གིས་འོས་མིར་ལངས་འདུག

16651906_1406210209402844_1879488693_nནིའུ་ཡོག་དུས་བབ་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཚོགས་པ་འགོ་འཛུགས་བྱས་ནས་ལོ་ངོ་༤༠ ལྷག་འགྲོ་བཞིན་པའི་ཧྥ་རན་སིའི་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་མེ་རན་ནི་ལི་པེན་ནི། རྒྱལ་ཞེན་རིང་ལུགས་ཁྱབ་སྤེལ་བྱེད་མཁན་གྱི་འོས་མི་ཞིག་ཡིན་པ་དང་། མོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་ལྟ་བ་ལངས་ཕྱོགས་ལ་བསྟོད་བསྔགས་བྱེད་ཀྱི་ཡོད་ཁར། སྲིད་འཛིན་ཁོང་ལ་རྒྱབ་སྐྱོར་ཐོག་འོས་བླུགས་མཁན་རྣམས་ལ་ཡང་བསྟོད་བསྔགས་བྱས་ཏེ། མོས་ཧྥ་རན་སིའི་ནང་གི་གནས་སྤོ་བ་སོགས་ལ་ལྟ་ཕྱོགས་ཡག་པོ་འཛིན་གྱི་མེད་འདུག

དེ་བཞིན་ཟླ་འདིའི་ཚེས་༥ ཉིན་ཧྥ་རན་སིའི་གྲོང་ཁྱེར་ལེའུན་ནང་དུ་མོས་འོས་བསྡུའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་གར་མོ་རང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་བཟོ་གྲྭའི་ལས་མི་དང་དམག་མི་ཟུར་པ་སྟོང་ཕྲག་མང་པོའི་མདུན་དུ་གཏམ་བཤད་བྱས་ཡོད་འདུག མོས་རྒྱབ་སྐྱོར་བ་ཚོར་འཛམ་གླིང་ནང་ཧྥ་རན་སིའི་རྒྱལ་ཁབ་དེ་དབང་འོག་བསྡུ་འདོད་ཡོད་མཁན་གྱི་དབང་ཆ་གཅིག་སྡུད་རིགས་གཉིས་ཡོད་པ་དེ། འཛམ་གླིང་གཅིག་གྱུར་དང་། ཁ་ཆེ་ཆོས་ལུགས་ཨི་སེ་ལམ་གྱི་ལྟ་བ་མཁྲེགས་བཟུང་དེ་གཉིས་ཡིན་སྐོར་བརྗོད་འདུག ཨ་རིའི་སྲིད་འཛིན་ཊོམ་ལ་བསྟོད་བསྔགས་དང་འབྲེལ་ནས། ཨ་རིས་རང་ཉིད་ཀྱི་ཁེ་ཕན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ཡོད་པས། མོས་ཀྱང་དེ་ལྟར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་མོས་ཧྥ་རན་སིར་ནག་ཉེས་ཀྱི་ལས་ཀ་བྱེད་མཁན་མང་ཆེ་བ་ཕྱི་མི་གནས་སྤོ་བ་ཚོ་ཡིན་པ་དང་། ཁ་ཆེ་དྲག་སྤྱོད་པ་ཚོས་ཧྥ་རན་སིར་དྲག་རྒོལ་གྱི་ཐབས་ཇུས་གདིང་གི་ཡོད་པ། ཡུ་རོབ་མཐུན་ཚོགས་ཀྱིས་ཧྥ་རན་སིའི་མི་མང་གི་ལས་ཀ་འཕྲོག་གི་ཡོད་སྐོར་བརྗོད་ནས། མོ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན། ཟླ་བ་དྲུག་གི་ནང་ཚུད་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་མིན་ཐོག་མང་མོས་འོས་བསྡུ་བྱ་རྒྱུ་ཡིན་པ། རྒྱལ་ཁབ་ཀྱི་ས་མཚམས་བདག་བཟུང་བརྟན་པོ་དང་རྒྱལ་ཁབ་༢༨ ཅན་གྱི་ནེ་ཀྲོ་ཚོགས་པ་ལས་ཕྱིར་ཐེན་བྱ་རྒྱུ་སོགས་ཁས་ལེན་བྱས་ཡོད་འདུག

འོན་ཀྱང་སྲིད་འཛིན་ཊོམ་དང་མོའི་བར་ལ་མ་འདྲ་བ་ཞིག་ནི། མོས་སྲིད་འཛིན་ཊོམ་ལྟར་ཧྥ་རན་སིའི་རྒྱལ་ཁབ་དེའི་དཔལ་འབྱོར་ཡར་རྒྱས་གོང་འཕེལ་དང་བདེ་སྐྱིད་ཀྱི་དུས་ཚོད་ཤར་བ་བྱ་རྒྱུའི་ཁས་ལེན་བྱས་མེད་ཁར། མོས་ལོ་ལྔའི་ནང་རྒྱལ་ཁབ་དེ་སྔ་མ་ལྟར་ཞི་བདེ་དང་ལྷིང་འཇགས་བསྐྱར་གསོ་བྱ་རྒྱུ་ཁས་ལེན་བྱས་ཏེ། “ལོ་ངོ་བཅུ་ཕྲག་མང་པོའི་རིང་སྡར་མའི་བྱེད་ལས་དང་དཔལ་འབྱོར་དང་ཁྲོམ་རྭ་སོགས་ལ་གཞུང་གིས་ཐད་ཀར་ཐེ་གཏོགས་བྱས་མེད་པ་རེད། ད་ལྟ་ང་ཚོའི་འདེམས་ཀ་ནི་དཔལ་ཡོན་གྱི་འདེམས་ཀ་ཞིག་རེད།” ཅེས་དང་། “མ་འོངས་པར་ང་ཚོའི་ཕྲུ་གུ་རྣམས་ཧྥ་རན་སིའི་རིག་གཞུང་དང་དཔལ་ཡོན་ཡོད་པ། དེ་བཞིན་མང་གཙོ་ཡིན་པའི་རྒྱལ་ཁབ་གཅིག་ནང་འཚོ་བ་སྐྱེལ་རྒྱུ་རག་གི་རེད་དམ་”ཞེས་དོགས་འདྲི་བྱས་པ་དང་། དེ་བཞིན་མོས་ཧྥ་རན་སིར་ཡོང་མཁན་གྱི་ཕྱི་མི་གནས་སྤོ་བ་ཚོས། ཧྥ་རན་སིའི་རྒྱལ་ཁབ་ནས་ཐོབ་པའི་ཁེ་ཕན་ལོངས་སུ་སྤྱོད་པ་ལས། ཚུར་རྒྱལ་ཁབ་ལ་ཕན་དེ་ཙམ་ཆེན་པོ་ཐོགས་ཀྱི་མེད་སྐོར་བརྗོད་ཡོད་འདུག མོས་དེ་སྔོན་ཧྥ་རན་སའི་ནང་དུ་ཁྲིམས་མཐུན་གནས་སྤོ་བའི་གྲངས་འབོར་ཉུང་དུ་གཏོང་ཐབས་བྱེད་དགོས་ཁར། ཁྲིམས་འགལ་གྱི་གནས་སྤོ་བ་རྣམས་རྒྱལ་ཁབ་དེ་ཉིད་ལ་སྡོད་རྒྱུའི་ཐོབ་ཐང་མེད་སྐོར་གྱི་བསམ་ཚུལ་ཡོང་བསྒྲགས་ཁྱབ་སྤེལ་བྱས་ཡོད་པ་རེད་འདུག

མོའི་ཨ་ཕ་ནི་ཆབ་སྲིད་ཚོགས་པ་དེའི་ཚོགས་གཙོ་རྒྱུན་རིང་བྱེད་མྱོང་མཁན་ཡིན་པ་དང་། ད་ལྟའི་ཆར་མོས་ཚོགས་གཙོ་བྱེད་བཞིན་ཡོད་ཁར། ཧྥ་རན་སིའི་ས་གནས་ཤིག་གི་གྲོས་ཚོགས་འཐུས་མི་བྱེད་མྱོང་བ་དང་། ད་ལྟའི་ཆར་ཡུ་རོབ་གྲོས་མཐུན་ཚོགས་ཀྱི་འཐུས་མི་དང་ཧྥ་རན་སིའི་མངའ་སྡེ་ཞིག་གི་གྲོས་ཚོགས་འཐུས་མི་ཡང་ཡིན་འདུག

ཟླ་༤ པའི་ཚེས་༢༣ ཉིན་ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུའི་ལས་རིམ་པ་དང་པོ་དེ་བྱ་རྒྱུ་ཡིན་པ་དང་། སྐབས་དེའི་གྲུབ་འབྲས་ལ་འོས་མི་གཅིག་ལ་འོས་འབངས་ཀྱི་བརྒྱ་ཆ་༤༠ ནས་༤༥ དང་། འོས་མིའི་བར་འོས་གྲངས་ཀྱི་བརྒྱ་ཆའི་ཧེ་བག་དེ་བརྒྱ་ཆ་༥ ནས་༡༥ བར་མ་ཐོབ་ཚེ། འོས་མི་རྣམས་ཀྱི་ནང་ནས་འོས་ཤོག་མང་ཤོས་གཉིས་ཀྱི་བར་འོས་བསྡུ་རིམ་པ་གཉིས་པ་ཟླ་༥ པའི་ཚེས་༧ ཉིན་བྱ་རྒྱུ་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 899

Leave a Reply