ཨ་ཕའི་འདས་མཆོད་བརྗེད་མི་ཉན་ལ། འདས་མཆོད་ཀྱི་དུས་ཚེས་དེ་བས་ནོར་མི་རུང་།

༧ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གི་དགོངས་རྫོགས་ནམ་ཡིན་གླེང་བ། 

ད་ནང་ཞོགས་པར་ཡར་ལངས་ནས་སྤྱི་ཚོགས་དྲྭ་ལམ་དུ་བལྟ་སྐབས། ༧ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་པོ་མཆོག་དགོངས་རྫོགས་རྗེས་དྲན་དང་འབྲེལ། ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་བའི་རྩོམ་ཡིག་དང་། སྐྱེས་མཆོག་ཁོང་གི་སྐུ་དཔར། རྩ་ཆེའི་བཀའ་སློབ་ཁག་འགོད་སྤེལ་གྱིས་བཀའ་དྲིན་ལ་རྗེས་དྲན་དང་། ཤུལ་བཞག་གི་ལམ་སྟོན་ལ་དྲན་གསོ་བྱེད་ཀྱིན་པ་མང་དུ་མངོན་པ་ནི། ང་ཚོ་མི་སྒེར་རེ་རེ་དང་བོད་པ་ཞིག་གི་ངོས་ནས་བཟང་སྤྱོད་དང་། བོད་གསོན་གནས་ཀྱི་དགོས་མཁོ་ཡིན་པས། རྗེས་དྲན་གྱི་རྣམ་པ་འདི་ནི་དགའ་སྤོབས་འོས་པ་ཞིག་ལོས་ཡིན།

མགོ་ནག་བོད་མིའི་དོན་དུ་བློས་གཏོང་ཆེ་ཤོས་གནང་མཁན་དང་། བཀའ་དྲིན་ཤིན་ཏུ་ཆེ་བའི་སྐྱེས་ཆེན་ཁོང་དགྲ་བོ་རྒྱ་ནག་གི་ངན་ཇུས་འོག་ནས་གློ་བུར་དགོངས་པ་རྫོགས་པའི་ལོ་ཚིགས་དེ་ནི། བོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བརྗེད་མི་ཐུབ་པའི་ལོ་ནག་གི་དུས་ཚིགས་ཤིག་ཡིན་པ་དང་། དེ་བཞིན་ཁོང་དགོངས་པ་རྫོགས་ནས་མི་ལོ་ ༢༩ ཙམ་ལས་འགྲོ་ཡི་མེད་པས། དེ་ལྟར་ན་ཟུག་གསོས་པ་དང་། དུས་ཐུང་རང་བཞིན་གྱི་གལ་ཆེའི་ལོ་ཚིགས་འདི་ལྟ་བུར་ནོར་མི་འོས་པར། གཅིག་གྱུར་རང་བཞིན་གྱི་ངོས་འཛིན་ཁ་གསལ་དང་། ཡོངས་ཁྱབ་རང་བཞིན་གྱི་རྗེས་དྲན་ཞིག་དགོས་ངེས་ལགས།

འོན་ཀྱང་། ཚེས་གྲངས་དང་ཟླ་བ་ནམ་ཡིན་ངོས་འཛིན་མི་གཅིག་པ་མ་ཟད། ལོ་ངོ་ཅི་ཙམ་འཁོར་བ་ཡང་ངོས་འཛིན་མི་གཅིག་པའི་ནོར་འཛོལ་ཤོར་བཞིན་པ་འདི་ནི། ནོར་འཛོལ་ཤོར་མི་འོས་པ་ཞིག་ནོར་འཛོལ་གྱི་ལམ་ནས་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་པའི་ནོར་འཁྲུལ་ཏེ། ཡིད་ཕམ་དང་ངོ་གནོངས་དགོས་པ་ཞིག་ལགས་པས། འདིའི་ཐད་མོལ་ན་འདོད།

དེ་ཡང་དེ་རིང་སྤྱི་ལོ་ ༢༠༡༨། ཟླ ༡། ཚེས ༧ ཉིན་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁོང་དགོངས་རྫོགས་ཀྱི་དུས་ཚེས་དེ་ཉིད། ཁག་ཅིག་གིས་བོད་ལོ་ལ་བསྐོར་བ་དང་། ཁག་ཅིག་གིས་སྤྱི་ལོ་ལ་བསྐོར་ནས་འདྲེས་མར་བྲིས་འདུག་ལ། དེ་བས་ཀྱང་བློ་འཚབ་དགོས་པ་ཞིག་ལ་དགོངས་པ་རྫོགས་ནས་མི་ལོ་ ༢༨ འཁོར་ཟེར་བ་དང་། མི་ལོ་ ༢༩ འཁོར་ཟེར་བ་བཅས་སྣ་ཚོགས་བྲིས་འདུག

སྤྱི་ལོ ༢༠༠༩། ༡༢།༣༠ འཁོད་པའི་༧པཎ་ཆེན་རིན་པོ་ཆེ་མྱ་ངན་རྗེས་དྲན་ཐེངས་ ༢༠ པ་ཞེས་པའི་འགོ་བརྗོད་འོག  བོད་ཀྱི་དུས་བབ་ཐོག“ཟླ་འདིའི་ཚེས ༣༠། ཉིན་ནི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་བོ་ ༢༠ འཁོར་བའི་མྱ་ངན་དུས་དྲན་གྱི་ཉིན་མོ་ཡིན་ལ།” ཞེས་དགོངས་རྫོགས་ཉིན་མོ་དེ་སྤྱི་ཟླ ༡༢། ཚེས ༣༠ ཡིན་པ་ལྟ་བུ་བཀོད་འདུག

རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་གྱིས་ཤམ་བྷ་ལ་ཕོ་ཉའི་ཐོག་པཎ་ཆེན་རིན་པོ་ཆེ་དགོངས་རྫོགས་དུས་མཆོད་ནམ་ཡིན་ནམ་ཞེས་པའི་འགོ་བརྗོད་འོག “དེ་རིང་བོད་ཟླ་བཅུ་༡༡ ཚེས་༢༡ ཉིན་དང་སྤྱི་ཟླ་༡༢ ཚེས་༣༡ ཉིན་ནི་མི་མང་པོ་ཞིག་གིས་ཀུན་གཟིགས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཉེར་བདུན་འཁོར་བའི་དགོངས་རྫོགས་དུས་མཆོད་ཡིན་པར་སྨྲས་ཏེ་རྗེས་དྲན་ཞུ་བཞིན་ཡོད་མོད། ཡིན་ནའང་དེ་རིང་ནི་དགོངས་རྫོགས་དུས་མཆོད་མ་ཡིན་པར་དགོངས་རྫོགས་དུས་མཆོད་ཡང་དག་པ་དེ་ནི་༢༠༡༥ ལོའི་བོད་ཟླ་༡༢ ཚེས་༢༡ ཉིན་དང༌། སྤྱི་ལོ་ལྟར་ན་༢༠༡༦ ལོའི་ཟླ་༡ ཚེས་༣༠ ཉིན་ཡིན་ནོ།།”ཞེས་དགོངས་རྫོགས་དེ་སྤྱི་ཟླ ༡། ཚེས ༣༠ ཡིན་པ་ལྟར་བཀོད་འདུག་པ་གང་ཞིག་ལ་མཇུག་དེར་“ཕྱི་ཟླ་དང་པོའི་ཚེས་ ༢༨ ཉིན་གཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དུ་གཤེགས”ཞེས་བྲིས་འདུག

སྤྱི་ལོ ༢༠༡༣།༡།༢༨ འཁོད་པའི་བོད་ཀྱི་བང་ཆེན་ཐོག “པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་ནས་ལོ་ངོ་༢༤ འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཚོགས་སོང་ལ།” ཞེས་སྤྱི་ཟླ་༡།ཚེས་༢༨ དེ་དགོངས་རྫོགས་ཉིན་མོ་ཡིན་པ་ལྟར་བཀོད་འདུག

དེ་བཞིན་ཝེ་ཀི་པི་ཌི་ཡ་དྲྭ་ལམ་བོད་དབྱིན་གཉིས་ཀའི་ཐོག་ཏུ་ཡང་སྤྱི་ཚེས་ ༢༨ ཉིན་དགོངས་པ་རྫོགས་པ་གསལ་གྱི་འདུག

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དུང་དཀར་ཚིགས་མཛོད་ནང་དུ་“ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་བཅུ་དྲུག་ཐོག་པཎ་ཆེན་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གཞིས་རྩེ་བདེ་ཆེན་ཕོ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།”ཞེས་ཚེས ༢༨ ཡིན་པ་བཀོད་གནང་འདུག

༧ཀུན་གཟིགས་བཅུ་པ་མཆོག་ལ་ཐུགས་འདྲེས་ཟབ་ཅིང་། ཁོང་གི་མཛད་རྣམ་སློབ་དཔོན་ཆེན་མོ་པཎ་ཆེན་རིན་པོ་ཆེ་འབྲི་མཁན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཟེར་བའི་ཞིབ་འཇུག་པ་རྒན་འཇམ་དཔལ་རྒྱ་མཚོ་ལགས་སུ་ཀྲུང་གོའི་བོད་སྐད་རླུང་འཕྲིན་ཟེར་བའི་ཐོག་སྤྱི་ལོ ༢༠༡༧ ལོར་བཅར་འདྲི་ཞུ་སྐབས། མདོ་འཛིན་པ་ཡེ་ཤེས་དབྱངས་ཅན་གྱིས་“ད་ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་ལོ་ངོ་ཉི་ཤུ་རྩ་བརྒྱད་ཏག་ཏག་འཁོར་བའི་ཉིན་ཞིག་རེད།”ཅེས་བཅར་འདྲི་ངོ་སྤྲོད་དང་སྔོན་གླེང་གི་སྐབས་སུ་བཤད་ཡོད།

སློབ་དཔོན་ཆེན་ཡན་ཧོང་པེན་དང་། ལྷ་སྡེ་གནམ་ལོ་ཡག་རྣམ་གཉིས་ཀྱིས་བྲིས་པའི་སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གཤེགས་རྐྱེན་ངོ་མ། ངོ་སྤྲོད་མདོར་བསྡུས། ཞེས་པ་ཁ་བརྡ་དྲྭ་བའི་ཐོག་ཏུ་འཁོད་པར་“ཕྱི་ལོ ༡༩༨༩ལོའི་ཟླ ༡ ཚེས ༢༧ མཚན་མོར། ཧུའུ་ཅིན་ཐོ་དང་ཝུན་ཅཱ་པའོ་ཡི་གཙོ་སྐྱོང་འོག མུན་ཧོང་ཝེ་དང་ཧུའུ་ཁྲོང་ཧྭ་ཡིས་ལག་བསྟར་བརྒྱུད་ནས་ཀྲུའུ་མེས་ཊིན་ཐད་ཀར་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་དུག་གཏོང་བའི་ལས་སུ་ཞུགས་ཤིང་། རྒྱ་དམར་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་དུག་བཏང་བ་ལེགས་འགྲུབ་བྱུང་ནས། ཕྱི་ཚེས ༢༨གྱི་ཞོགས་པར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་དུ་སྐུ་གྲོངས་ཡོད་འདུག”ཅེས་ཚེས་ ༢༨་ཡིན་པ་འཁོད་འདུག

པཎ་ཆེན་བཅུ་པ་མཆོག་དགོངས་པ་རྫོགས་ནས་ལོ་འཁོར་ ༢༨ ལོན་པའི་བཞུགས་མོལ་གྲོས་ཚོགས་དེ་སྔ་ལོ ༢༠༡༧། ཟླ་དང་པོའི་ཚེས་གཅིག་ནས་བརྒྱད་བར་གནའ་མཁར་ཟི་ལིང་ནས་བསྡུས་པའི་ཐོག་པཎ་ཆེན་བཅུ་པ་མཆོག་གི་སྲས་མོ་རིག་འཛིན་དབང་མོ་ལགས་ཀྱིས་ངའི་ཡབ་ཆེན་ལགས་ཞེས་པའི་འགོ་བརྗོད་འོག་ཐུགས་རྗེ་ཆེ་ཞུའི་འཚམས་འཕྲིན་གནང་ཡོད་ཅིང་། སྐབས་དེར་སེ་ར་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱི་རྩོམ་ཡིག་ནང་དུ་ཡང་དགོངས་པ་རྫོགས་པའི་དུས་ཚེས་ ༡༩༨༩།༡།༢༨ ཡིན་པ་བཀོད་འདུག

གཙང་ཕྲུག་སྟོབས་ལགས་ཀྱི་༧པཎ་ཆེན་ཨེར་ཏི་ནི་ཞིབ་འཇུག་ཅེས་པར། དབང་འདུས་ཀྱིས་བརྩམས་ཏེ་སྤྱི་ལོ ༡༩༩༩ བོད་ལྗོངས་མི་མང་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་བོད་དོན་གླེང་བ་ཞེས་པ་སོགས་ལས་ལུང་འདྲེན་གྱིས་སྤྱི་ཚེས་ ༢༧ དགོང་མོར་བདེ་ཆེན་བསྐལ་བཟང་ཕོ་བྲང་དུ་མཆོད་རྟེན་ཤར་བཀྲ་ཤིས་རྣམ་རྒྱལ་གསར་བཞེངས་གནང་མཁན་གྱི་དབུ་ཆེན་དང་ལས་མི་སོགས་ལ་གསོལ་སྟོན་དང་། ཞབས་བྲོ་གྲུབ་རྗེས་ཆུ་ཚོད་བཅུ་གཉིས་ཙམ་ལ་གཟིམ་ཆུང་ཚོམས་ཆེན་དུ་ཆིབས་སྒྱུར་གྱིས་ཞབས་ཞུ་རྣམས་ལ་བཀའ་མོལ་དང་རྩམ་ཐུག་ཞལ་དཀར་གང་བཞེས་རྗེས། བདེ་ཆེན་ཕོ་བྲང་གི་ཐོག་རྩེགས་གཉིས་པའི་གཟིམ་ཆུང་དུ་སྐུ་གཟིམ་ལ་གདན་འདྲེན་ཞུས་པ་ནས་ང་ཚོ་དང་གཏན་བྲལ་གྱུར་ཚུལ་དང་། ད་དུང་ཚེས་ ༢༨ སྔར་ལམ་ལྟར་ཞོགས་པ་ཆུ་ཚོད ༥།༣༠ ཐོག་སྐུ་བཞེངས་མ་གནང་སྟབས། ཞོགས་པ་ཆུ་ཚོད་བདུན་པར་གཟིམ་ཆུང་གསོལ་དཔོན་ཡར་བཅར་སྐབས་དགོངས་པ་རྫོགས་ཚར་ཚུལ་བཀོད་འདུག་ཅིང་། དེ་མིན་དེབ་དེའི་ནང་རྒྱ་ནག་གཞུང་གིས་དེའི་སྐོར་གསལ་བསྒྲགས་བྱས་པའི་དུས་ཚོད་ནི་ཚེས་ ༢༨ དགོང་དྲོའི་ཆུ་ཚོད་ ༨།༡༦ ཡིན་ཚུལ་གསལ་བ་འདི་ནི། གོང་དུ་དུང་དཀར་ཚིགས་མཛོད་ནང་དུ་དགོངས་པ་རྫོགས་པའི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་བཅུ་དྲུག་བཀོད་པ་དང་གཅིག་པ་ཆགས་ཀྱི་འདུག

ཨ་རིའི་གསར་འགོད་པ་དང་ཆབ་སྲིད་མདོ་འཛིན་པ་སྐུ་ཞབས་ནི་ཁོ་ལ་སི། ཌི།ཀིར་སི་ཊོཕ་Nicholas D Kristof ཡིས་བྲིས་པ་The Panchen Lama is dead at 50;Key figure in China’s Tibet policy ཞེས་པ་སྤྱི་ལོ ༡༩༨༩།༡།༣༠ ཉིན་ནིའུ་ཡོག་དུས་བབ་ New York Times ཐོག་དཔར་སྐྲུན་བྱས་པའི་ནང་དུ་པཎ་ཆེན་རིན་པོ་ཆེ་རེས་གཟའ་སྤེན་པའི་དགོང་མོར་དགོངས་པ་རྫོགས་པ་དང་། པེ་ཅིང་དུ་སྤྱི་ཟླ་ ༡།ཚེས་ ༢༩ ་ལ་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་སོང་ཞེས་བཀོད་འདུག་ཅིང་། རེས་གཟའ་སྤེན་པ་ནི་ ༡༩༨༩།༡།༢༨ ལ་འཁེལ་གྱི་འདུག

གོང་གསལ་གྱི་གནས་ཚུལ་ཡོང་ཁུངས་ཁག་ལ་དཔྱད་དུས། རང་ལུགས་ནི། པཎ་ཆེན་བཅུ་པ་མཆོག་དགོངས་པ་རྫོགས་དུས་སྤྱི་ལོ ༡༩༨༩།སྤྱི་ཟླ ༡།སྤྱི་ཚེས་ ༢༨ ཀྱི་སྔ་དྲོའི་དུས་ཚོད་སྟེ། ཞོགས་པའི་ཆུ་ཚོད་དང་པོ་ནས་ལྔ་དང་ཕྱེད་ཀ་བར་དེར་ཡིན་དགོས་ཀྱི་འདུག གང་ལགས་ཞེ་ན། ཚེས་ཉེར་བདུན་དགོང་མོར་གསོལ་སྟོན་ནས་ཚོམས་ཆེན་ལ་ཕེབས་དུས་ཆུ་ཚོད་བཅུ་གཉིས་ཟིན་ཚར་ཡོད་པ་དང་། ད་དུང་དེར་ཞབས་ཕྱི་ནང་མ་རྣམས་ལ་བཀའ་མོལ་དང་རྩམ་ཐུག་བཞེས་ནས་བཞུགས་པ་མ་ཟད། དེ་རྗེས་སྐུ་སྒེར་སྨན་པས་བརྟག་དཔྱད་གྲུབ་རྗེས་གཞི་ནས་སྐུ་གཟིམ་གནང་བར་ཕེབས་ཡོད་པ་བཅས་ལ་བསམས་ན། དེའི་བར་དེར་ཆུ་ཚོད་གཅིག་ལྷག་ཉུང་ཤོས་འགྲོ་བས། སྐུ་གཟིམ་གནང་དུས་ཚེས་ ༢༨ ཀྱི་ཞོགས་པའི་ཆུ་ཚོད་དང་པོ་ཟིན་ཚར་དགོས་ཀྱི་འདུག་པ་དང། ཚེས་ ༢༨ ཞོགས་པ་ཆུ་ཚོད་ ༥།༣༠ ཐོག་རྒྱུན་ལྡན་ལྟར་སྐུ་བཞེངས་གནང་རྒྱུ་མེད་དུས་དགོངས་པ་རྫོགས་པའི་དུས་ཚོད་ནི། སྤྱི་ཚེས་ ༢༨ ཀྱི་ཞོགས་པའི་ཆུ་ཚོད་དང་པོ་ནས་ལྔ་དང་ཕྱེད་ཀའི་བར་དེར་གཏན་འཁེལ་ཐུབ་ཀྱི་འདུག་པས། དགྲ་བོ་རྒྱ་ནག་གཞུང་གིས་སྔོན་ཚུད་ནས་ངན་ཇུས་བཏིང་ཟིན་པ་ལྟར། དུས་ཡུན་དེའི་རིང་གི་ཆུ་ཚོད་ལྔ་ཙམ་གྱི་རིང་དུ་༧ཀུན་གཟིགས་མཆོག་ལྐོགས་བཀྲོངས་བྱས་པ་ཤེས་ཐུབ། གང་ལགས་ཞེ་ན། ཀུན་གཟིགས་མཆོག་ཞོགས་པ་སྔ་པོ་ནས་དགོངས་པ་རྫོགས་ཟིན་ཀྱང་། རྒྱ་ནག་གཞུང་གིས་དགོང་མོ་ཆུ་ཚོད་བརྒྱད་དང་སྐར་མ་བཅུ་དྲུག་བར་དུ་གསལ་བསྒྲགས་མ་བྱས་པ་དེ་ནས་ཁོང་ཚོར་རང་གནོངས་ཡོད་པ་ཤེས་ཐུབ་ཅིང་། རྒྱ་ནག་གིས་ལྐོགས་བཀྲོངས་བྱས་པའི་དོགས་གཞིའི་སྐོར་དེ་སྔོན་གསང་མི་ཐུབ་པའི་གསང་བའི་ནང་བྲིས་ཟིན་པས་འདིར་བསྐྱར་བཤད་མི་བྱ།

མདོར་ན། གུས་ཀྱི་བསམས་པར་ཀུན་གཟིགས་བཅུ་པ་ཆེན་པོ་མཆོག་དགོངས་པ་རྫོགས་དུས་སྤྱི་ལོ ༡༩༨༩།ཟླ༡།ཚེས་༢༨་དང་། དགོངས་པ་རྫོགས་ནས་འདི་ལོ་སྤྱི་ལོ ༢༠༡༨ ལོར་མི་ལོ ༢༩ འཁོར་བའི་འདས་མཆོད་རྗེས་དྲན་ལ་འཁེལ་ཡོད་ཅིང་། སྐྱེས་མཆོག་ཁོང་ནི་གཞན་དོན་དུ་དཀའ་བ་སྤྱད་ཕོད་པའི་དོན་དམ་གྱི་སེམས་དཔའ་ཆེན་པོ་དང་། རང་རིགས་ཀྱི་དོན་དུ་གཅེས་སྲོག་འབུལ་ཕོད་པའི་དཔའ་རྒོད་ངར་མ་ཞིག ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་གཞིས་ལུས་བོད་མིའི་འཚོ་བ་དང་། སྐད་ཡིག ཆོས་ལུགས་དང་། མཐུན་སྒྲིལ། རིགས་ཞེན་དང་། མི་རིགས་ཀྱི་སྤོབས་པ་བཅས་ལ་ཁ་ཡོད་ལག་ཡོད་ཀྱི་མཛད་རྗེས་ཆེ་ཤོས་ཀྱི་མི་སྣ་དེ་ཡིན་པས། ཁོང་ནི་ཉེ་རབས་བོད་ཀྱི་མུན་ནག་གི་ལོ་རྒྱུས་ནང་བཀའ་དྲིན་ལ་བསམས་ན། བོད་ཀྱི་ཨ་ཕ་བློ་ཁོག་ཅན་ཞིག་སྟེ། བུ་ཕྲུག་གི་ཆེད་དུ་ཡོད་ཚད་བློས་གཏོང་གནང་བའི་བོད་ཀྱི་ཨ་ཕ་བཀའ་དྲིན་གསབ་མི་ཐུབ་པ་ཞིག་ཡིན་པས། ངེད་བུ་ཕྲུག་ཚོས་ཨ་ཕའི་འདས་མཆོད་བརྗེད་མི་ཉན་ལ། འདས་མཆོད་ཀྱི་དུས་ཚེས་དེ་བས་ནོར་མི་རུང་།

ང་ཚོས་ནམ་ཡང་ཁོང་བརྗེད་དུ་མི་རུང་བར། ཁོང་ལ་གཅིག་གྱུར་དང་ཡོངས་ཁྱབ་རང་བཞིན་གྱིས་རྗེས་དྲན་ཞུ་དགོས་པ་ནི། ཡ་རབས་བཟང་སྤྱོད་ཞེས་པའི་ལག་ལེན་ངོ་མ་དང། མི་རིགས་གསོན་གནས་བྱེད་པའི་མདུན་ལམ་ཉག་གཅིག་དེ་ལགས་སོ།། །།

སྤྱི་ལོ ༢༠༡༨། ༡།༧།དགོང་མོར་ནིའུ་ཡོག་ནས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་དྲན་སེམས་དང་། འཁང་རའི་ཚོར་འདུ་དགུན་ཟླའི་གྲང་ངར་ལ་འགྲན་བཞིན་བྲིས།། །།

Print Friendly, PDF & Email
Share on Facebook18Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 229

Leave a Reply