ཨ་ཚོགས་ཚང་གི་རླངས་འཁོར་གཏོར་སྐྱོན་གྱི་དོན་རྐྱེན་ཉེན་རྟོག་པས་རྩད་གཅོད་བྱེད་བཞིན་འདུག

ཟླ་འདིའི་ཚེས་༢༢ ཉིན་གྱི་མཚན་མོར་རང་དབང་གི་རྩོམ་པ་པོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་སྡོད་གནས་དྷ་ས་ནོར་གླིང་ཉེ་འཁྲིས་ཀྱི་ལམ་ཁར་ཁོང་གི་རླངས་འཁོར་བཞག་ཡོད་པས། མཚན་མོ་དེར་སུ་ཡིན་ཤེས་རྟོགས་མ་བྱུང་བ་ཞིག་གིས་རླངས་འཁོར་ལ་རྡོ་གཞུས་ཏེ། མདུན་དང་ཟུར་གྱི་ཤེལ་སྒོ་ཚང་མ་བཅག་ཡོད་པ་རེད།

ཉེ་ཆར་ནས་ཁོང་གི་རྩོམ་ཡིག་ཅིག་དང་འབྲེལ་ནས་སྤྱི་ཚོགས་མཐོ་དམན་བར་གསུམ་ནང་གླེང་གཞི་ཞིག་ཡོད་པས། དེ་དང་འབྲེལ་བ་ཡོད་སྐོར་ལ་དོགས་པ་བྱེད་མཁན་ཡོད་པ་རེད། དེ་ཡང་འདི་ལོའི་ཕྱི་ཟླ་༡ པོའི་ནང་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་སློབ་དཔོན་ཆེན་མོ་ཨེ་ལོ་ཊ་ སཱི་ཕེར་ལེན་ (Elliot Sperling) སྐུ་གྲོངས་རྗེས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཁོང་ལ་རྗེས་དྲན་ཆེད་ “ལོ་༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན་”ཞེས་པའི་རྩོམ་ཐུང་ཞིག་བྲིས་ཡོད་པ་དང་། དེ་རྗེས་རྩོམ་ཡིག་དེའི་ཁ་བྱང་ལོ་༡༡༣ ཞེས་པ་དེ་༧གོང་ས་མཆོག་ལ་ཟུར་ཟ་དང་། ༧གོང་ས་མཆོག་སྐུ་ཚེ་རིང་པོར་སྡོད་མི་དགོས་པ་སྟོན་གྱི་འདུག་ཅེས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་བྱུང་སྐབས། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དེ་ནི་ཟུར་ཟ་མ་ཡིན་པར་སྒྱུ་རྩལ་རྩོམ་རིགས་ཀྱི་ཁྱབ་ཁོངས་ནས་འབྲི་སྟངས་ཤིག་ཡིན་པ་གསལ་བཤད་བྱས།

དེ་རྗེས་བོད་ཀྱི་ལོ་སར་སྤྲོ་སྐྱིད་ཀྱི་མཛད་སྒོའི་ཐོག་ལྡི་ལིའི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་། ཨ་རིའི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་རྩོམ་དེ་༧གོང་ས་མཆོག་ལ་ཟུར་ཟ་ཡིན་པ་དང་། མཐའ་གཅིག་ཏུ་ངོ་རྒོལ་དང་བློ་ཕམ་བྱུང་སྐོར་གྱི་གཏམ་བཤད་བྱས། བོད་ཀྱི་གསུམ་བཅུའི་སྒེར་ལངས་ཀྱི་གཞུང་འབྲེལ་དུས་དྲན་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་རྩོམ་དེ་༧གོང་ས་མཆོག་ལ་ཟུར་ཟ་ཡིན་པས་ངོ་རྒོལ་ཡོད་སྐོར་གྱི་གཏམ་བཤད་སྤེལ།

དེ་བཞིན་སྔ་ཕྱིར་མདོ་སྨད་དབུས་རྒྱུན་དང་། ས་གནས་རྒྱུན་ལས། བོད་ཀྱི་རྩ་དོན་གླིང་ཞེས་པའི་སྐད་འཕྲིན་ཚོགས་པ་སོགས་ཀྱིས་ཨ་ཚོགས་ཀླུ་མཁར་བྱམས་ལ་ངོ་རྒོལ་ཡོད་སྐོར་གྱི་ས་ཡིག་བསྡུ་རུབ་དང་། གསར་འགོད་གསལ་བསྒྲགས་སྤེལ།

ཕྱི་ཟླ་༣ པའི་ཚེས་༡༤ དང་༡༥ ལ་བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༣ པའི་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཉིས་ཀྱི་ཐོག་ལ་བགྲོ་གླེང་གནང་སྐབས། ཉེ་ཆར་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལོ་༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན་ཞེས་པའི་རྩོམ་ཡིག་དང་འབྲེལ་ནས་བསྐྱར་དུ་གླེང་སློང་བྱུང་བ་དང་། ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་ཡིན་པས་ངོ་རྒོལ་ཡོད་སྐོར་དང་འདི་ནས་རྣམ་འགྱུར་ཞིག་སྟོན་དགོས་སྐོར་གྲོས་ཚོགས་འཐུས་མི་མང་པོས་གླེང་ཡོད་པ་རེད།

ཟླ་འདིའི་ཚེས་༢༢ ཉིན་ཏེ་གྲོས་ཚོགས་ཉིན་༨ པའི་མཚན་མོར་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་སྡོད་གནས་དྷ་སའི་ནོར་གླིང་ཉེ་འཁྲིས་ཀྱི་ལམ་ཁར་ཁོང་གི་རླངས་འཁོར་བཞག་ཡོད་པས། སུ་ཡིན་ཤེས་རྟོགས་མ་བྱུང་བ་ཞིག་གིས་རླངས་འཁོར་ལ་རྡོ་གཞུས་ཏེ། མདུན་དང་ཟུར་གྱི་ཤེལ་སྒོ་ཚང་མ་བཅག་ཡོད་པ་རེད། རྡོ་གཉིས་རླངས་འཁོར་ནང་དུ་ལྷུང་ཡོད་པ་དང་། གཡས་གཡོན་གྱི་རླངས་འཁོར་དང་སྦག་སྦག་ལ་གནོད་སྐྱོན་གང་ཡང་ཐེབས་མེད་པ་རེད།

ཉིན་དེའི་ཞོགས་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་རྒྱ་གར་ས་གནས་ཉེན་རྟོག་ལས་ཁུངས་དང་། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་སྙན་སེང་ཞུས་ཡོད་པ་རེད།

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་ལ་རླངས་འཁོར་གཏོར་སྐྱོན་གྱི་གནད་དོན་དེའི་ཐོག་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར། ཁོང་གིས་“ད་ལྟ་ས་གནས་རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་གནང་བསྡད་ཡོད་པ་རེད། ས་གནས་ཡུལ་ཁྲིམས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། ཡུལ་ཁྲིམས་ནས་ཐག་གཅོད་བྱེད་པ་ལས་བདེ་སྲུང་གིས་གང་ཡང་བྱེད་ཐུབ་ཀྱི་མ་རེད། གནད་དོན་དེ་ག་འདྲ་ཡིན་པ་ར་སྤྲོད་གསལ་པོ་དང་ཐག་ཆོད་པའི་ཉིན་མོར་སུ་ཡིན་ཡང་གཞུང་གི་བྱེད་ཕྱོགས་བཀའ་ཤག་ནས་ཐག་ཆོད་ཅིག་ཡོང་གི་རེད། རླངས་འཁོར་བཅག་པ་དངོས་ཡོད་གནས་ཚུལ་རེད་ལ། ར་བཟི་དེ་འདྲས་བཅག་ཡིན་དང་། འཁོན་འཛིན་གྱི་ཐོག་ནས་བཅག་ཡིན་སོགས་གང་ཡིན་ང་ཚོར་གང་ཡང་བཤད་རྒྱུ་མེད། ས་གནས་ཉེན་རྟོག་པས་ཞིབ་འཇུག་བྱས་བསྡད་ཡོད་རེད་”ཅེས་གསུངས་སོང་།

ཉེ་ཆར་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་གིས་༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་དེར་ཀླུ་མཁར་བྱམས་ལ་ངོ་རྒོལ་ཡོད་སྐོར་གསུངས་པས། མང་ཚོགས་ནང་དེའི་ཤུགས་རྐྱེན་ཐེབས་ཏེ་གནས་ཚུལ་དེ་འདྲ་བྱུང་བ་ཡིན་མིན་ངོས་འཛིན་ག་འདྲ་དགོས་སྐོར་དྲིས་པར། དེ་ལ་བསམ་ཚུལ་གང་ཡང་གསུངས་རྒྱུ་མེད་སྐོར་གསུངས་སོང་། བདེ་སྲུང་ལས་ཁུངས་སུ་བཙན་བྱོལ་བོད་མི་ཚང་མའི་བདེ་འཇགས་ལ་འགན་ཡོད་པས། བདེ་སྲུང་ངོས་ནས་དེའི་ཐོག་ཉེན་སྲུང་ཡོང་ཐབས་གནང་གི་ཡོད་མེད་སྐོར་དྲིས་པར། ཁོང་གིས། “དེ་རིང་ཞོགས་པ་ཁོ་རང་གི་སྐྱེ་དམན་འདིར་སླེབས་སོང་། ང་ཚོའི་ངོས་ནས་དུས་རྒྱུན་གཟབ་དགོས་པ་དང་། འཕྱི་པོ་ཡར་མར་ལ་གཅིག་པུར་འགྲོ་མི་དགོས་པ་བྱེད་དགོས་སྐོར་སོགས་ལམ་སྟོན་བྱས་ཡོད། དེ་མིན་བདེ་སྲུང་གིས་བཙན་བྱོལ་མི་རེའི་འགན་ཁུར་ཐུབ་རྒྱུ་ཁག་པོ་རེད། དེ་དང་འབྲེལ་བ་ཡོད་པའི་ལས་ཀ་བྱེད་དགོས་པ་དེ་ང་ཚོས་བྱེད་རྒྱུ་རེད་”ཅེས་གསུངས་སོང་།

ཨ་ཚོགས་ཀླུ་མཁར་བྱམས་ཀྱི་བཟའ་ཟླ་པདྨ་ཆོས་སྒྲོན་གྱིས་ “མདང་ནུབ་ངེད་ཚང་གི་རླངས་འཁོར་གྱི་ཤེལ་སྒོ་བཅག་འདུག་ཁར། རླངས་འཁོར་ནང་ལ་རྡོ་ཆེན་པོ་གཉིས་གཡུག་འདུག ཕར་བལྟས་ན་ར་བཟི་དེ་འདྲ་ཡིན་ས་མ་རེད། རླངས་འཁོར་གཞན་པར་གཏོར་སྐྱོན་བཟོས་མི་འདུག རྐུན་མ་དེ་འདྲ་ཡིན་ས་མ་རེད། ཤེལ་སྒོ་བཅག་པ་ལས་ནང་ལ་འཛུལ་མི་འདུག དེ་ནི་མི་ཚང་འདི་ཡི་བདེ་འཇགས་ལ་འཇིགས་སྐུལ་རེད་ཤག ངེད་གཉིས་མཉམ་པོར་བསྡད་ནས་བཟུང་གནད་དོན་འདི་འདྲ་བྱུང་བ་ཐོག་མ་མིན་ལ། མཐའ་མའང་ཡིན་ཚོད་མི་འདུག”ཅེས་བརྗོད་སོང་།

ད་ལྟའི་ཆར་རྒྱ་གར་ཉེན་རྟོག་པས་ས་གནས་སུ་ལྟ་ཞིབ་བྱས་པ་དང་། དོ་བདག་གིས་སྙན་སེང་ཞུས་པ་ལྟར་རྩད་གཅོད་བྱེད་བཞིན་ཡོད་པ་རེད།
ཕྱི་ཟླ་༣ པའི་ཚེས་༡༢ ཉིན་དྷ་ས་ས་གནས་མདོ་སྨད་རྒྱུན་ལས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། དྷ་ས་མདོ་སྨད་མི་མང་གི་ངོས་འཛིན་དང་གསལ་བཤད་དོན་ཚན་༦ འཁོད་ཡོད་པ་ནི། ༡༽ དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་ཀླུ་མཁར་བྱམས་ཆབ་སྲིད་བཙོན་ཟུར་དངོས་ཡིན་མིན་ལ་ཞིབ་འཇུག་བསྐྱར་ནན་གྱིས་ཁ་གསལ་མ་བྱུང་བར་ཁོ་པ་ཨོ་སི་ཌོ་ལི་ཡར་མི་གཏོང་བའི་སྙན་ཞུ་བདེ་སྲུང་ལས་ཁུངས་དང་ལྡི་ལིའི་ཨོ་སི་ཌོ་ལི་ཡའི་གཞུང་ཚབ་ཁང་གཉིས་ཀར་གང་མགྱོགས་གཏོང་རྒྱུ། ༢༽ བོད་གངས་ཅན་པ་ཞིག་ཡིན་ཕྱིན་ཁོང་གི་བྱ་སྤྱོད་ཀྱི་བློ་ཕམ་མི་འབྱུང་མཁན་གཅིག་ཀྱང་མེད་སྟབས། ད་ནས་བཟུང་སྟེ་དྷ་སའི་མདོ་སྨད་ས་གནས་རྒྱུན་ལས་ཁང་དང་ཀླུ་མཁར་བྱམས་ཀྱི་བར་འབྲེལ་བ་ཅི་ཡང་མེད། དེ་བཞིན་དྷ་སའི་རང་ཁོངས་མདོ་སྨད་པ་ཚང་མས་ལག་པའི་ཕྱི་ནང་ཤེས་པ་གནང་སྟེ་ཀླུ་མཁར་བྱམས་དང་གློ་ཉེ་བ། རྒྱབ་སྐྱོར་ཡོད་པ་ལྟ་བུའི་གྲོགས་འདྲིས་ཀྱི་རྣམ་འགྱུར་གང་ཡང་མི་སྟོན་པ་རང་སར་རང་ཚུགས་ཟིན་རྒྱུའི་དམ་བཅའ་མི་ལྷོད་པར་ཞུ་རྒྱུ། ༣༽ ཀླུ་མཁར་བྱམས་ཀྱིས་ད་བར་མཚན་སྨོད་རབ་དང་རིམ་པ་བྱས་པ་ཁག་དང་། ལྷག་པར་དབྱིན་ཇི་ཞིག་ལ་མྱ་ངན་རྩོམ་ཡིག་ཡིན་ཁུལ་གྱིས་ལོ་༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན་ཞེས་ཟུར་ཟ་དེའི་རིགས་ནི་བོད་མིའི་ཆིག་སྒྲིལ་གཏོར་གཞི། བོད་མིའི་རྩ་དོན་ལ་རྒྱབ་འགལ། རྒྱ་ནག་གཞུང་དང་དོལ་ཚོགས་ཀྱི་བྱེད་ལས་དང་གཅིག་པ་ཡིན་པས་ཁོ་པའི་བྱ་སྤྱོད་དེར་དགྲ་ཁ་གཏད་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ལ། དེ་ནི་དགྲ་བོའི་བྱེད་ལས་ཚང་བ་ཞིག་ཡིན་པའི་ངོས་འཛིན་ནན་པོ་ཞུས་པ་ཡིན།  ༤༽ ཀླུ་མཁར་བྱམས་ཀྱིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྙན་ངག་སོགས་ལ་ཁ་གཡར་ཏེ་ཁོའི་ངོ་ལོག་རྩོམ་ཡིག་དེ་འགེབ་ཐབས་བྱས་པ། མི་མང་ནང་གླེང་གཞི་བསྐྲུན་པ། དངོས་ཡོད་གནས་ཚུལ་མི་ཤེས་མཁན་ཚོར་མགོ་སྐོར་གཏོང་བ་སོགས་ཀྱིས་གསལ་བཤད་ཡིན་ཁུལ་གྱི་བྱ་སྤྱོད་དེར་དེ་བས་ཀྱང་ངོ་རྒོལ་ཡོད་ཅིང་། དེའི་སྟེང་ཁོའི་དམིགས་ཡུལ་དང་ཧམ་རྫུན། ཁོངས་གཏོགས་གང་ཡིན་སོགས་གསལ་པོ་ཆགས་སོང་བས་འཆལ་གཏམ་དེར་དུས་དང་རྣམ་པ་ཀུན་ཏུ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ། རིག་གནས་ལོག་སྤྱོད་ཀྱི་རྣམ་པ་དེར་དེ་བས་ཀྱང་ངོ་རྒོལ་མཐའ་གཅིག་ཏུ་ཡོད།  ༥༽ བོད་ཀྱི་ཆོས་བརྒྱུད་བླ་ཆེན་ཁག་དང་དགེ་བཤེས་མཁན་པོ་རྣམ་པ། མཁས་དབང་དང་རྩོམ་པ་པོ་སོགས་ཀྱིས་ཁོང་གི་བྱ་སྤྱོད་ལས་གསུམ་མི་མང་ལ་དུས་ནས་དུས་སུ་གསལ་བཤད་ཡོང་བའི་འབོད་སྐུལ་ཞུ། ༦༽ ངེད་ཅག་ས་གནས་རྒྱུན་ལས་རྣམས་མི་དཀྱུས་མ་ཞིག་ཡིན་ཡང་རང་མི་རིགས་ལ་འཁྲི་བའི་འོས་འགན་བོད་མི་དྲག་ཞན་ཚང་མར་ཡོད་སྟབས་བོད་ཀྱི་རྕ་དོན་ལ་གནོད་མཁན་གྱི་ཀླུ་མཁར་བྱམས་ལ་དངོས་ཤུགས་གང་རུང་ནས་མཛའ་འབྲེལ་སྤུ་ཙམ་ཡང་མི་འཛིན་ཞིང་ངོ་ལོག་གི་སྤྱོད་པར་དགྲ་ཁ་གཏད་ཀྱིས་དུས་ནས་དུས་སུ་གདོང་ལེན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 4284

Leave a Reply