ཨ་རི་ནང་མེ་སྐྱོན་གྱིས་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་བཟོས་འདུག

ཨ་རིའི་ནང་མེ་སྐྱོན་བྱུང་ནས་ཉུང་མཐར་མི་༡༧ འདས་གྲོངས་དང་ཁང་པ་༢,༠༠༠ ཡས་མས་ཚིག་ཡོད་པ་མ་ཟད། ས་ཆའི་རྒྱ་ཁྱོན་ཨེ་ཀར་༡༠༠,༠༠༠ ཚིག་ནས་མི་༢༠,༠༠༠ ལྷག་རང་ཁྱིམ་ནས་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་འཁེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༡ སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༨ ཉིན་ནས་བཟུང་། ཨ་རིའི་མངའ་སྡེ་ཀ་ལི་ཧྥོར་ནེ་ཡའི་བྱང་རྒྱུད་སོ་ནོ་མ་རྫོང་དང་། ན་པ་རི་ཀླུང་། མེན་ཌོ་སི་ན་བཅས་སུ་མེ་སྐྱོན་ཁག་བཅུ་གཉིས་བྱུང་སྟེ། ཉུང་མཐར་མི་༡༧ འདས་གྲོངས་སོང་ཡོད་ཁར། ཁང་པ་༢,༠༠༠ ཡས་མས་འཚིག་ཡོད་འདུག་པ་མ་ཟད། ས་ཆའི་རྒྱ་ཁྱོན་ཨེ་ཀར་༡༠༠,༠༠༠ འཚིག་ཡོད་པ་དང་། དེ་ནི་ཝ་ཤིང་ཊོན་ཌི་སི་ལས་ལྡབ་སུམ་འགྱུར་གྱིས་ཆེ་བ་ཡིན་འདུག

མེ་སྐྱོན་ཤོར་གནས་སུ་ཐན་པ་ཤུགས་ཆེན་པོ་དང་། བཞའ་ཚན་ཉུང་བ། རླུང་ཤུགས་ཆེན་པོ་ཡོད་པ་ལ་བརྟེན་ནས་མེ་སྐྱོན་རྒྱ་ཁྱབ་ཆེ་རུ་སོང་ཡོད་པ་དང་། ས་གནས་ཀྱི་གནམ་གཤིས་སྔོན་བརྡའི་ནང་གསལ་བ་ལྟར་ན་མུ་མཐུད་ནས་ཉིན་༧ གྱི་རིང་ལ་ཆར་པ་མི་འབབ་པའི་གནས་ཚུལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༩ རེས་གཟའ་ཟླ་བའི་ཆུ་ཚོད་༡༢ ཀྱི་རིང་གཅིག་པུར་ཨེ་ཀར་༢༠,༠༠༠ ལ་མེ་སྐྱོན་གྱིས་ཁྱབ་ཡོད་པ་དང་། སྐར་ཆ་གསུམ་གྱི་རིང་ལ་རྐང་རྩེད་སྤོ་ལོའི་རྩེད་ཐང་ལས་ལྷག་ཙམ་ཞིག་ལ་འཚིག་གི་ཡོད་པ་བསྟན་གྱི་ཡོད་ཅིང་། མ་གཞི་ནས་མེ་སྐྱོན་ཤོར་སའི་ས་ཆ་རྣམས་ནི་ས་བཅུད་བཟང་པོ་ཡོད་ས་དང་། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་རྣམས་སུ་ཡིན་འདུག

དེ་བཞིན་ཡུལ་མི་༢༠,༠༠༠ ལྷག་རང་རང་གི་ཁྱིམ་ནས་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་ཁེལ་ཡོད་པ་དང་། སོ་ནོ་མ་རྫོང་གཅིག་པུ་ནས་མི་༢༤༠ ལྷག་བོར་བརླག་བྱུང་ཡོད་འདུག་ཀྱང་། དེ་དག་ལས་༥༧ བདེ་འཇགས་ངང་རྙེད་སོན་བྱུང་ཡོད་སྐོར་གཞུང་འབྲེལ་ལས་བྱེད་ཅིག་གིས་བརྗོད་ཡོད་འདུག

གཞན་ཡང་མངའ་སྡེའི་ནང་གི་ཁང་པ་༣༥,༠༠༠ མ་ཟིན་ཙམ་ལ་གློག་མེད་པ་ཆགས་ཡོད་པ་དང་། མེ་སྐྱོན་ཤོར་བ་དང་། དུ་བ་གཟུགས་པོའི་ནང་ཁྱབ་པ། དེ་བཞིན་དབུགས་གཏོང་ལེན་ལ་དཀའ་ངལ་འཕྲད་བཞིན་པ་བཅས་ཀྱི་མི་༡༠༠ ལྷག་ཙམ་ཞིག་སྨན་ཁང་ནས་སྨན་བཅོས་བྱེད་མུས་ཡིན་འདུག། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||