ཨ་རི་ནས་བོད་པའི་བུ་མོ་ཞིག་མེ་འཁོར་འགན་འཛིན་དུ་བསྐོས་འདུག

རྒྱ་གར་ནས་ཨ་རིར་གནས་སྤོས་བྱས་པའི་བོད་ཀྱི་བུ་མོ་བསྟན་འཛིན་སྒྲོལ་དཀར་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་མེ་འཁོར་གྱི་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་འདུག

ཨ་རི་མི་ནི་སོ་ཊ་ཡི་གསར་ཁང་ (Star Tribune)ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༣ ཉིན་ཨ་རི་མི་ནི་སོ་ཊའི་མངའ་སྡེ་སྤྱི་ཁྱབ་པ་མར་ཀི་ཌེ་ཊོན་གྱིས། ཨ་རིར་གནས་སྡོད་བོད་ཀྱི་བུ་མོ་བསྟན་འཛིན་སྒྲོལ་དཀར་མི་ནི་སོ་ཊ་མངའ་སྡེའི་མེ་འཁོར་གྱི་འགན་འཛིན་གསར་པ་རུ་བསྐོ་བཞག་བྱས་ཡོད་འདུག་ཅིང་།  ཁོང་མོས་མེ་འཁོར་གྱི་བདེ་འཇགས་གོང་འཕེལ་དང་། རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་བཅས་ཀྱི་ཐོག མངའ་སྡེའི་ནང་གི་མེ་འཁོར་གྱི་ཚོང་ལས་ཁང་རྣམས་དང་སྤྱི་ཚོགས་བཅས་ལ་འབྲེལ་ལམ་གྱིས། ལེ་དབར་༤,༤༠༠ ཙམ་ཡོད་པའི་མི་ནི་སོ་ཊའི་ནང་གི་མེ་འཁོར་འགྲོ་བསྐྱོད་ཀྱི་མ་ལག་བདེ་འཇགས་དང་། སྐྱེལ་འདྲེན་ཏག་ཏག་ཡོང་རྒྱུ་བཅས་ཀྱི་ཐོག་ལ་འགན་འཁུར་དགོས་ཀྱི་ཡོད་འདུག

མངའ་སྡེའི་སྤྱི་ཁྱབ་པ་ཌེ་ཊོན་གྱིས་“འདས་པའི་ལོ་ངོ་གཉིས་ཀྱི་རིང་ལ་བསྟན་འཛིན་སྒྲོལ་དཀར་གྱིས་སྐྱེལ་འདྲེན་དང་སོ་ནམ་ལས་རིགས་གཉིས་ཀྱི་སྲིད་ཇུས་ཐོག་ལ་ངའི་སློབ་སྟོན་པ་གཙོ་བོ་གནང་ནས་ཕྱག་ལས་ཧ་ལས་པ་ཡག་པོ་གནང་སོང་”ཞེས་དང་།  “སོ་སོའི་དངོས་ཟོག་ཁྲོམ་རར་འགྲེམ་ཐུབ་དགོས་པའི་མི་ནི་སོ་ཊའི་མེ་འཁོར་ཚོང་ལས་ཁང་དང་སོ་ནམ་པ་མཉམ་དུ་ཁོང་མོས་མཉམ་ལས་བྱས་པའི་ཉམས་མྱོང་ལ་བརྟེན་ནས། ད་ལྟ་ཁོང་མོ་མི་ནི་སོ་ཊའི་མེ་འཁོར་གྱི་འགན་འཛིན་གནང་རྒྱུར་ཧ་ཅང་གི་གྲ་སྒྲིག་ལྡན་པ་ཞིག་ཆགས་ཡོད་རེད་”ཅེས་བརྗོད་ཡོད་འདུག

ད་ལྟའི་ཆར་བསྟན་འཛིན་སྒྲོལ་དཀར་གྱིས་མངའ་སྡེའི་སྤྱི་ཁྱབ་པ་ཌེ་ཊོན་དང་། སྤྱི་ཁྱབ་པ་གཞོན་པ་ཊི་ན་སི་མི་ཐི་གཉིས་ཀྱི་སྲིད་ཇུས་སློབ་སྟོན་པ་རྒན་པའི་བྱ་བ་སྒྲུབ་སྟེ། སྐྱེལ་འདྲེན་དང་། སོ་ནམ། འོས་བསྡུ། དམག་དོན། དམག་མི་ཟུར་པ་བཅས་ཀྱི་ལས་དོན་ཐོག མེ་འཁོར་འགན་འཛིན་ཟུར་པ་(Tchourumoff)ཞེས་པ་དང་མཉམ་འབྲེལ་བྱས་ནས་ལས་དོན་གཉེར་བཞིན་ཡོད་འདུག

བསྟན་འཛིན་སྒྲོལ་དཀར་ནི་རྒྱ་གར་གྱི་མངའ་སྡེ་ཨོ་རི་ས་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཕུན་ཚོགས་གླིང་དུ་སྐྱེས་ཤིང་། རང་ལོ་༡༧ ལ་སོན་སྐབས་ཨ་རིར་བསྐྱོད་དེ། ཨ་རིའི་སན་ཊི་ཐོ་མ་སི་གཙུག་ལག་སློབ་གཉེར་ཁང་དང་། ཨ་རི་མི་ནི་སོ་ཊའི་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་རྗེས། ཡུལ་དེའི་ཁྲིམས་བཟོའི་འབྲེལ་མཐུད་དང་སྤྱི་ཚོགས་བདེ་དོན། ཨེ་ཤ་ཡའི་བུད་མེད་མཉམ་འབྲེལ་བཅས་ཀྱི་ཐོག་ལས་དོན་གཉེར་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 542

Leave a Reply