ཨ་རི་བ་ཁེ་སི་ཡིས་བོད་མིའི་སྒྲིག་འཛུགས་ལ་དྲི་བ་བཏང་འདུག

བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཞེས་པ་གསར་འཛུགས་བྱེད་མཁན་ཨ་རི་བ་ཁེ་སི་ཆེལ་ཌེར་གྱིས། རུ་ཁག་དེའི་བོད་ཀྱི་བུད་མེད་རྣམས་ཀྱི་གྲུབ་འབྲས་ལ་འཛམ་གླིང་གང་སར་ནས་བསྟོད་བསྔགས་བྱེད་ཀྱི་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་ཁོ་ཚོར་སྣང་མེད་བཏང་དགོས་དོན་གང་ཡིན་ཞེས་ངོ་དེབ་ཐོབ་ཏུ་དྲིས་འདུག་པས། བོད་མི་མང་པོ་ཞིག་གིས་བསམ་ཚུལ་འདྲ་མིན་སྤེལ་བཞིན་འདུག

དེ་ཡང་ཟླ་༧ པའི་ཚེས་༧ ནས་༩ བར་ཁེ་ན་ཌའི་གྲོང་ཁྱེར་ཝེན་ཁུ་ཝེར་འཚོགས་པའི་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་གྱི་རྩེད་འགྲན་ལ། བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་དང་མ་མཐུན་པ་བྱུང་རྗེས་ལོགས་སུ་ཐོན་ནས། ཨ་རི་བ་ཁེ་སི་ཆེལ་ཌེར་གྱིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་རུ་ཁག་དེ་མཉམ་ཞུགས་བྱས་ཡོད་པ་དང་། རྩེད་འགྲན་དངོས་སུ་འགོ་འཛུགས་མ་བྱས་པའི་སྔོན་དུ། ཁེ་ན་ཌའི་རྐང་སྤོལ་ལྷན་ཚོགས་ཀྱིས་རུ་ཁག་གཞན་དང་མི་འདྲ་བར་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་རྣམས་ཀྱི་ཐོངས་མཆན་སོགས་ཀྱི་ཡིག་ཆ་མཁོ་སྤྲོད་དགོས་སྐོར་བརྗོད་པས། དུས་སྟོན་གོ་སྒྲིག་པ་ཨ་ཌ་རི་ཧེ་མིལ་གྱིས་བྱེད་སྟངས་དེས་རུ་ཁག་དེ་མཉམ་ཞུགས་བྱེད་མི་ཐུབ་པའི་ཐབས་ཤེས་བཙལ་བ་དང་། ལྷན་ཚོགས་དེར་ཕྱིའི་རྒྱལ་ཁབ་སྟོབས་ཆེན་ཞིག་གི་གནོན་ཤུགས་ཡོད་པར་དོགས་པ་ཡོད་སྐོར་བརྗོད་ནས། ལྷན་ཚོགས་དང་འབྲེལ་བ་བཅད་ནས། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་རྒྱབ་ཏུ་ལངས་ཡོད་པ་རེད། དེ་བཞིན་རུ་ཁག་དེ་ནི་བོད་ཀྱི་བུད་མེད་རུ་ཁག་ཅིག་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་ལ་མཉམ་ཞུགས་བྱེད་མཁན་ཐོག་མ་དེ་ཆགས་ཡོད་པས། རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་གཙོས་པའི་མང་པོ་ཞིག་གིས་གནད་དོན་དེ་ཁྱབ་སྤེལ་ཆེན་པོ་བྱས་ཡོད་པ་རེད།

རྐང་སྤོལ་དུས་སྟོན་སྐབས་སུ་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གིས། པོ་ལེན་ཌེ་དང་མཉམ་དུ་རྩེད་སྐབས་ཕྱོགས་གཉིས་ཀས་སྤོ་ལོ་བླུགས་མ་ཐུབ་ནས་རྒྱལ་ཕམ་མེད་པ་དང་། ཨི་རན་དང་རྩེད་སྐབས་སྤོ་ལོ་༢ དང་༡ ཆགས་ནས་ཤོར་ཡོད་འདུག དབང་མོ་དཔལ་སྒྲོན་གྱིས་སྤོ་ལོ་གཅིག་བླུགས་ནས་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཐོག་བོད་ཀྱི་བུད་མེད་སྤོ་ལོ་བླུགས་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། དེ་བཞིན་ཕོར་ཇུ་གྷལ་དང་མཉམ་དུ་རྩེས་སྐབས་སྤོ་ལོ་༥ དང་༢ ཆགས་ནས་ཕམ་ཡོད་པ་རེད།

དབང་མོ་དཔལ་སྒྲོན།

བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་རུ་ཁག་དེར་འདི་ལོའི་ཟླ་༢ པའི་ཚེས་༢༤ ཉིན་ཨ་རིར་རྐང་སྤོལ་རྩེད་འགྲན་ཞིག་ཏུ་འགྲོ་བར་ཨ་རིའི་གཞུང་ཚབ་ཁང་གིས་ཐོངས་མཆན་མ་སྤྲད་པས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་པ་རེད།

ཐེངས་འདིར་ཁེ་ན་ཌར་རྐང་སྤོལ་དུས་སྟོན་མཇུག་བསྒྲིལ་རྗེས། ཟླ་༧ པའི་ཚེས་༡༡ ཉིན་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་རུ་ཁག་དེ་གསར་འཛུགས་བྱེད་མཁན་ཨ་རི་བ་ཁེ་སི་ཆེལ་ཌེར་གྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ངོ་དེབ་ཐོག་ཏུ། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གིས་ཁེ་ན་ཌའི་ཝེན་ཁུ་ཝེར་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་མཉམ་ཞུགས་ཀྱིས་གྲུབ་འབྲས་ཆེན་པོ་ཐོན་རྗེས། རྒྱལ་སྤྱིའི་ནང་གི་ཆབ་སྲིད་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། སྙན་གྲགས་ཆེ་བའི་མི་སྣ། རྩེད་མོ་བ། གསར་འགོད་པ་སོགས་ཀྱིས་དགའ་བསུའི་འཕྲིན་ཐུང་འབྱོར་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་རྩེད་འགྲན་ན་གཞོན་བུད་མེད་དེ་དག་དང་ཁོ་ཚོའི་གྲུབ་འབྲས་སྣང་མེད་ག་རེ་བྱས་ནས་གཏོང་གི་ཡོད་པའི་དྲི་བ་ཡོད་སྐོར་དང་། ན་གཞོན་བུད་མེད་དེ་དག་ཀྱང་བོད་མི་རེད་ཅེས་བྲིས་འདུག་པས།

དེ་གར་བོད་མི་མང་པོ་ཞིག་གིས་བསམ་ཚུལ་འདྲ་མིན་སྤེལ་བཞིན་འདུག

བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ལེན་ཡོད་པའི་རྩེད་མོའི་ལྷན་ཚོགས་ནི། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་ཡིན་པ་དང་། ཁེ་སི་ཆེལ་ཌེར་གྱིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་སྤེལ་རུ་ཁག་དེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་ངོས་ལེན་བྱེད་ཀྱི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1810

Leave a Reply