ཨ་རི་རྒྱལ་སྤྱིའི་གནས་སྤོ་བའི་གྲོས་མཐུན་ནས་ཕྱིར་འཐེན་བྱ་རྒྱུ།

རྒྱལ་སྤྱིའི་ནང་གི་གནས་སྤོ་བ་དང་སྐྱབས་བཅོལ་བ་ཚོའི་ཐོབ་ཐང་ལ་སྲུང་སྐྱོབ་ཆེད། རྒྱལ་སྤྱིའི་གནས་སྤོ་བའི་གྲོས་མཐུན་ཞིག་གི་ཐོག་ལ་ལས་རིམ་འགྲོ་བཞིན་ཡོད་འདུག་ཀྱང་། ཨ་རིས་གྲོས་མཐུན་དེ་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་༡༢ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༦ ལོར་མཉམ་སྦྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱིས་གནས་སྤོ་བ་དང་སྐྱབས་བཅོལ་བའི་སྤྱི་ཆིངས་བསྒྲགས་གཏམ་སྤེལ་ཡོད་པ་དང་། དེའི་ནང་ཨ་རི་ཡང་ཚུད་ཀྱི་ཡོད་འདུག འོན་ཀྱང་ཟླ་༡༢ པའི་ཚེས་༢ ཉིན་མཉམ་སྦྲེལ་རྒྱལ་ཁབ་ཀྱི་ཨ་རིའི་སྐུ་ཚབ་ནཱི་ཀི་ཧེ་ལི་ཡིས། སྤྱི་ཆིངས་བསྒྲགས་གཏམ་དེའི་ཆ་རྐྱེན་མང་པོ་ཞིག་ཨ་རིའི་བདག་དབང་དང་མཐུན་གྱི་མེད་པས། ཨ་རིས་སྒེར་གྱི་གནས་སྤོ་བའི་ལས་འཆར་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

མོས་འཛམ་གླིང་ནང་ཨ་རི་ལས་ལྷག་པའི་རྒྱལ་ཁབ་སུ་གང་གིས། གནས་སྤོ་བ་དང་སྐྱབས་བཅོལ་བའི་ཐད་གཏོང་ཕོད་ཀྱི་ལས་ཀ་བྱས་མེད་པ་དང་། ལས་ཀ་དེ་མུ་མཐུད་བྱེད་རྒྱུ་ཡིན་ཡང་། རྒྱལ་ཁབ་ཀྱི་གནས་སྤོ་བའི་སྲིད་ཇུས་ཀྱི་ཐག་གཅོད་ཀྱི་ཨ་རི་ཁོ་ནས་བྱེད་དགོས་པ་གལ་ཆེན་ཡིན་པ། ཨ་རིའི་ས་མཚམས་སྟངས་འཛིན་དང་སུ་རྒྱལ་ནང་དུ་ཡོང་ཆོག་མིན་ཐག་གཅོད་དེ་ཨ་རིས་བྱེད་དགོས་སྐོར་བརྗོད་འདུག

མཉམ་སྦྲེལ་རྒྱལ་ཁབ་གྲོས་ཚོགས་ཀྱི་ཚོགས་གཙོས་ལོ་རྒྱུས་ནང་ཨ་རིས་གཏོང་ཕོད་ཆེན་པོས་འཛམ་གླིང་གང་ས་ནས་མི་མང་ལ་གནས་སྤོ་བྱེད་དུ་བཅུག་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་མི་མང་གནས་སྤོ་བྱ་ཡུལ་ཆེ་ཤོས་དེ་ཆགས་ཡོད་པས། ཨ་རིའི་གནས་སྤོ་བའི་ཐད་ཀྱི་ཉམས་མྱོང་དང་མཁས་རྩལ་དེ། གྲོས་མཐུན་དེར་གྲུབ་འབྲས་ཐོན་པར་དགོས་མཁོ་ཆེན་པོ་ཆགས་ཡོད་པས། གྲོས་མཐུན་དེ་ལས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་དེར་བློ་ཕམ་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་གནས་སྤོ་བའི་སྤྱི་ཆིངས་བསྒྲགས་གཏམ་དེས་གནས་སྤོ་བ་དང་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་དང་། ཁོ་ཚོར་བསྐྱར་དུ་གཞིས་ཆགས་པ་དང་ཤེས་ཡོན། ལས་ཀའི་ཆ་རྐྱེན་སོགས་ཐོབ་ངེས་ཆེད། རྒྱལ་སྤྱིའི་རྒྱལ་ཁབ་ཚོའི་བར་ལ་གྲོས་མཐུན་ཞིག་ཡོང་བའི་དགོས་འདུན་བཏོན་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོའི་ནང་མཉམ་སྦྲེལ་རྒྱལ་ཁབ་གྲོས་ཚོགས་ཀྱིས། རྒྱལ་སྤྱིའི་རྒྱལ་ཁབ་བར་ལྷན་ཚོགས་གོ་སྒྲིག་བྱས་ཏེ་གྲོས་མཐུན་དེ་གཏན་འབེབས་ཡོང་ཐབས་བྱ་རྒྱུ་ཡིན་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ད་བར་འཛམ་གླིང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན། དེ་བཞིན་ཞི་བདེ་རྒྱ་མཚོའི་ཕ་རོལ་རྒྱལ་ཁབ་བར་གྱི་ཚོང་འབྲེལ་གྲོས་མཐུན། མཉམ་སྦྲེལ་རྒྱལ་ཁབ་ཀྱི་ཚན་རིག་དང་རིག་གཞུང་བསྟི་གནས་ཁང་། དེ་བཞིན་ཐེངས་འདིའི་རྒྱལ་སྤྱིའི་གནས་སྤོ་བའི་གྲོས་མཐུན་བཅས་ལས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 441

Leave a Reply