ཨ་རིའི་གསང་བའི་ལས་ཁང་གིས་ཁ་པར་དང་བརྙན་འཕྲིན་བརྒྱུད་སོ་ལྟ་བྱེད་ཀྱི་ཡོད་པ།

འཛམ་གླིང་ནང་གསང་བ་ཕྱིར་བསྒྲགས་བྱེད་མཁན་ཝི་ཀི་ལེག་གིས། ཨ་རིའི་གསང་བའི་ལས་ཁང་གིས་གསང་བའི་ཐོག་ནས། ཤེས་ནུས་(Smart)ལག་ཐོག་ཁ་པར་དང་བརྙན་འཕྲིན་སོགས་ནང་འཇབ་རྒོལ་བྱས་ཏེ། འཛམ་གླིང་གི་མི་མང་ལ་སོ་ལྟ་བྱེད་ཀྱི་ཡོད་པའི་གྲུབ་ཆའི་ཡིག་ཆ་དང་ཡིག་སྣོད་༨༧༦༡ ཕྱིར་བསྒྲགས་བྱས་ཡོད་འདུག

ཟླ་འདིའི་ཚེས་༨ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱལ་སྤྱིའི་ནང་གི་གསང་བ་ཕྱིར་བསྒྲགས་བྱེད་མཁན་ཝི་ཀི་ལེག་གིས། ཨ་རིའི་གསང་བའི་ལས་ཁང་གིས་དྲ་ཐོག་དང་ཁ་པར་སོགས་ཀྱི་ཐོག་འཇབ་རྒོལ་བྱེད་པའི་ཡོ་ཆས་མང་པོ་ཞིག་བཟོ་སྐྲུན་བྱས་ཡོད་པ་དང་། དེ་དག་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཀྱི་སོ་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ལ་འཇུག་མཁན་མང་པོ་ཞིག་གིས་བརྐུས་ནས་བེད་སྤྱོད་བྱེད་བཞིན་ཡོད་སྐོར་བརྗོད་ནས། དེ་དང་འབྲེལ་བའི་ཨ་རིའི་གསང་བའི་ལས་ཁང་གི་གསང་བའི་ཡིག་ཆ་མང་པོ་ཞིག་དྲ་ཐོག་ཏུ་ཕྱིར་བསྒྲགས་བྱས་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་ནས། ཨ་རིའི་ཁེ་ལི་ཧྥོ་ནི་ཡའི་གྲོས་ཚོགས་འཐུས་མི་ཀྲེ་ལིའུ་ཡིས། ཨ་རིའི་གསང་བའི་ལས་ཁང་གི་འཇབ་རྒོལ་གྱི་ཡོ་ཆས་མང་པོ་ཞིག་ལ་རྐུ་ཤོར་བའི་ཉེས་འཛུགས་དེས་སེམས་འཚབ་ཆེན་པོ་སྐྱེས་སོང་བ་དང་། དེས་མཇུག་འབྲས་ཚབས་ཆེན་ཡོང་སྲིད་པས། ཨ་རིའི་གསང་བའི་ལས་ཁང་གིས་ཡོ་ཆས་དེ་དག་རྐུ་ཤོར་ཡོད་མེད། སུས་བརྐུས་ཡོད་པ། གང་འདྲ་བྱས་ནས་ཨ་རིའི་མི་མང་གི་སྒེར་གྱི་གསང་བ་སྲུང་སྐྱོབ་བྱེད་དགོས་མིན་ཤེས་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ནས། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ལྷན་ཚོགས་ཀྱིས་གནད་དོན་དེར་འཕྲལ་དུ་ཞིབ་འཇུག་བྱེད་པའི་དགོས་འདུན་བཏོན་ཡོད་འདུག

ཝི་ཀི་ལེག་གིས་ཨ་རིའི་གསང་བའི་ལས་ཁང་ནི་འཇབ་རྒོལ་གྱི་ཚོགས་པ་ཞིག་གི་རྣམ་པ་བསྟན་ཏེ། དེས་སྒེར་གྱི་གློག་ཆས་ཁག་ནང་གསང་བའི་ཐོག་འཛུལ་ནས། འཛམ་གླིང་མི་མང་ཡོངས་ཀྱི་ཉིན་རེའི་བྱ་གཞག་ལ་སོ་ལྟ་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་འདུག ཚོགས་པ་དེའི་རྩོམ་སྒྲིག་པ་ཇུ་ལེན་ཨེ་སེན་གྱིས། ད་ལྟའི་ཆར་དྲ་ཐོག་གི་ལག་ཆ་བཟོ་སྐྲུན་ཁྱབ་གདལ་མྱུར་པོ་འགྲོ་བའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

ཡིག་ཆ་དེ་དག་ནང་ཨ་རིའི་གསང་བའི་ལས་ཁང་གི་སྒྲིག་གཞིའི་ནང་དྲ་ཐོག་ཏུ་འཇབ་རྒོལ་བྱེད་དུས། འཇབ་རྒོལ་གྱི་ཡོ་ཆས་ཤིག་བེད་སྤྱད་ནས་འཇབ་རྒོལ་བྱས་ཚར་རྗེས། ཕ་རོལ་པོས་རྩད་གཅོད་སྐབས། ལས་ཁང་དེ་དང་ཨ་རིའི་སྲིད་གཞུང་ཡིན་པ་ཤེས་སུ་འཇུག་མི་ཆོག་པར། ས་གནས་གཞན་ནས་འཇབ་རྒོལ་བྱས་པ་འདྲ་བོ་བཟོས་དགོས་ཀྱི་ཡོད་ཁར། ལས་ཁང་དེའི་ནང་སྡེ་ཚན་ཞིག་གི་ལས་ཀ་ནི། འཇབ་རྒོལ་གྱི་རྩད་གཅོད་སྐབས་ལམ་ལོག་བསྟན་ནས་ས་གནས་གཞན་ལ་འཁྲིད་རྒྱུའི་ལས་ལ་འཇུག་གི་ཡོད་འདུག

དེ་བཞིན་ལས་ཁང་དེས་སོ་ལྟའི་མཉེན་ཆས་ཤིག་བཟོ་སྐྲུན་བྱས་ཡོད་པས། དེས་སེམ་སང་ཚོང་ལས་ཁང་གིས་བཟོ་སྐྲུན་བྱས་པའི་ཤེས་ནུས་ཀྱི་བརྙན་འཕྲིན་ཁག་ཏུ་འཛུལ་ནས། མི་གཞན་གྱི་སྐད་ཆར་ཉན་གྱི་ཡོད་པ། དེ་བཞིན་ཡོ་ཆས་གཞན་ཞིག་གིས་ཀུ་ཤུ་རྟགས་ཅན་ཚོང་ལས་སྡེ་ཚན་གྱི་ཐོན་རྫས་ཁ་པར་སོགས་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་ཁར། ཐག་རིང་ནས་གསང་བའི་ཐོག་བརྙན་ལེན་པ་དང་སྐད་ཆ་ཉན་པ། ད་ལྟ་སོ་ལྟ་བྱ་ཡུལ་གྱི་མི་དེ་ས་གནས་གང་དུ་ཡོད་པ་རྗེས་དེད་གཏོང་གི་ཡོད་འདུག དེ་བཞིན་ཨ་རིའི་གསང་བའི་ལས་ཁང་གིས་ཐག་རིང་ནས་མི་གཞན་གྱི་ཁ་པར་གློག་སྤར་ནས་སོ་ལྟ་བྱེད་པའི་ནུས་པ་ཡོད་འདུག

ཝི་ཀི་ལེག་གི་བརྗོད་དོན་ལ་ཡུ་རོབ་འཇར་མན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནི། དྲ་ཐོག་འཇབ་རྒོལ་གྱི་གཞིས་སྒར་ཞིག་ཡིན་ཁར། དེ་ཁར་ལས་ཀ་བྱེད་མཁན་མང་པོ་ཞིག་གསང་ཐབས་ཀྱི་ཨ་རིའི་གསང་བའི་ལས་ཁང་གི་འཇབ་རྒོལ་བ་ཡིན་སྐོར་དང་། དེ་བཞིན་གསང་བའི་ལས་ཁང་དེས་ཕྱི་ལོ་༢༠༡༤ ལོའི་ཟླ་༡༠ པའི་ནང་དྲ་རྒྱ་དང་འབྲེལ་མཐུད་ཡོད་པའི་མོ་ཊའི་མ་ལག་ནང་དུ་འཛུལ་ཐབས་ཡོད་མེད་ཞིབ་འཇུག་བྱས་ཡོད་འདུག

གནད་དོན་དེའི་རྐྱེན་པས་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་ཐོན་རྫས་ཉོ་མཁན་རྣམས་སེམས་འཚབ་མི་ཡོང་ཆེད། ཁོ་ཚོའི་ཐོན་གསར་པའི་མཉེན་ཆས་ཀྱིས་ཝི་ཀི་ལེག་གིས་གསལ་སྟོན་བྱས་པའི་འཇབ་རྒོལ་གྱི་ཐབས་ལམ་མང་པོ་ཞིག་འགོག་ཐུབ་ཀྱི་ཡོད་ཁར། ངོས་འཛིན་བྱུང་བའི་ཉེན་ཁ་མང་པོ་ཞིག་འགོག་ཆེད་མྱུར་དུ་ལས་ཀ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་ཝི་ཀི་ལེག་གིས་ཨ་རིའི་གསང་བའི་ལས་ཁང་གིས་ཁ་པར་ཞིག་ནང་འཇབ་རྒོལ་བྱུང་རྗེས་གསང་བའི་ཨང་གྲངས་ཀྱིས་རྒྱ་འདེབས་(Encrypt)བྱས་པའི་སྤྱི་ཚོགས་འབྲེལ་མཐུད་ཀྱི་མཉེན་ཆས་ཚོར་ཡང་། འབྲེལ་ལམ་རྣམས་སོ་ལྟ་བྱེད་ཐུབ་སྲིད་སྐོར་བརྗོད་ཡོད་འདུག

ཝི་ཀི་ལེག་གིས་དུས་ཡུན་རིང་པོར་འཛམ་གླིང་རྒྱལ་ཁབ་ཁག་གི་གསང་བ་ཕྱིར་བསྒྲགས་བྱས་ཡོད་པ་དང་། ཕྱིར་བསྒྲགས་བྱས་པའི་ཡིག་ཆ་དེ་དག་ཀྱང་ཡིད་ཆེས་བློ་འགེལ་ཆོག་པ་ཤ་སྟག་ཡིན་པས། དེ་དག་གིས་འཛམ་གླིང་ནང་གི་ཆབ་སྲིད་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་ཡིག་ཆ་དེ་དག་ལ་རང་དབང་ཅན་གྱི་ཞིབ་འཇུག་བྱེད་མཁན་ཚོས་བདེན་པ་ཡིན་མིན་ར་སྤྲོད་བྱ་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

 

Share on Facebook10Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 385

Leave a Reply