ཨ་རིའི་ཆེད་ལས་རྩེད་མོ་བས་སྲིད་འཛིན་ཊོམ་ལ་ངོ་རྒོལ།

ཨ་རིའི་སྲིད་འཛིན་ཊོམ་གྱི་སྐད་ཆ་ཞིག་ལ་བརྟེན་ནས། ཨ་རིའི་ནང་གི་ཆེད་ལས་རྩེད་མོ་བ་དང་རུ་ཁག་མང་པོས་ཊོམ་ལ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག

ཟླ་༩ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་བྷི་བྷི་སི་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༦ ལོར་ཨ་རིའི་ནང་ཉེན་རྟོག་པས་མི་རིགས་ནག་པོར་དྲག་གནོན་དང་དམར་གསོད་བཏང་བའི་གནས་ཚུལ་མང་པོ་བྱུང་བས། ཨ་རིའི་ནང་གི་རྒྱལ་ཡོངས་ཧྥུ་ཊེ་བྷོལ་རྩེད་འགྲན་(National Football League)གྱི་ཆེད་ལས་རྩེད་མོ་བ་མི་རིགས་ནག་པོ་ཞིག་གིས། གནད་དོན་དེ་དག་ལ་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད། རྩེད་འགྲན་འགོ་མ་བཙུགས་སྔོན་ཨ་རིའི་རྒྱལ་གླུ་གཏོང་བའི་ལས་རིམ་སྐབས། པུས་མོ་ས་ལ་བཙུགས་ཡོད་པ་དང་། སྐབས་དེར་གནད་དོན་དེ་དང་འབྲེལ་ནས་གླེང་སློང་མང་པོ་བྱུང་ཡོད་པ་རེད།

དེ་རྗེས་ཕྱི་ལོ་༢༠༡༧ ལོའི་ཟླ་༩ པའི་ཚེས་༢༢ ཉིན་སྲིད་འཛིན་ཊོམ་གྱིས་རྒྱབ་སྐྱོར་བ་ཚོར་གཏམ་བཤད་སྤེལ་སྐབས། ཨ་རིའི་རྒྱལ་གླུ་གཏོང་བཞིན་སྐབས་པུས་མོ་སར་བཙུགས་མཁན་ཨ་རིའི་རྒྱལ་ཡོངས་ཧྥུ་ཊི་བྷོལ་རྩེད་འགྲན་གྱི་ཆེད་ལས་རྩེད་མོ་བ་རྣམས། རྩེད་འགྲན་རུ་ཁག་གི་བདག་པོ་ཚོས་ཕྱིར་འབུད་གཏོང་དགོས་སྐོར་བརྗོད་ནས། རྩེད་མོ་བ་དེ་རིགས་ལ་མིང་ངན་པ་འབོད་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་ཉེ་ཆར་གྱི་གཟའ་མཇུག་སྐབས། རྒྱལ་ཡོངས་ཧྥུ་ཊེ་བྷོལ་རྩེད་འགྲན་མི་འདྲ་བ་མང་པོའི་ཐོག ཨ་རིའི་རྒྱལ་གླུ་གཏོང་བཞིན་སྐབས་རྩེད་མོ་བ་༢༠ ལས་མང་བ་དང་ལས་བྱེད་ཚོས། ས་ལ་པུས་མོ་བཙུགས་པ་དང་། ཕན་ཚུན་དཔུང་པ་འཇུས་པ། དེ་བཞིན་རྩེད་འགྲན་རུ་ཁག་གསུམ་གྱིས་རྒྱལ་གླུ་གཏོང་བཞིན་སྐབས་རྩེད་ཐང་དུ་མ་སླེབས་པ་སོགས་ཀྱིས། སྲིད་འཛིན་ཊོམ་གྱི་སྐད་ཆར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག

སྲིད་འཛིན་ཊོམ་གྱིས་ཟླ་༩ པའི་ཚེས་༢༥ ཉིན་དེ་སྔོན་ཁོང་གི་སྐད་ཆ་དེ་ནི། མི་རིགས་དང་འབྲེལ་བ་མེད་ཁར། དེ་ནི་རྒྱལ་ཁབ་དང་རྒྱལ་དར། རྒྱལ་གླུ་བཅས་ལ་གུས་བརྩི་བྱེད་པ་དང་འབྲེལ་བ་ཡོད་སྐོར་གསལ་བཤད་བྱས་ཡོད་འདུག

དེ་བཞིན་ཨ་རིའི་ནང་གི་ལག་རྩེད་སྤོ་ལོའི་རྩེད་མོ་བ་གྲགས་ཅན་ལི་བྷོན་ཇེམ་སི་ཡིས། སྲིད་འཛིན་ཊོམ་ནི་མི་ཆོ་མེད་ཅིག་ཡིན་པ། ཁོས་རྩེད་མོ་བེད་སྤྱད་ནས་ཨ་རིའི་ནང་དབྱེ་འབྱེད་བྱེད་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་ནས། རྩེད་མོ་བ་ཚོའི་ཆིག་སྒྲིལ་ལ་བསྔགས་བརྗོད་བྱས་འདུག

ཨ་རིའི་རྒྱལ་ཡོངས་ཧྥུ་ཊེ་བྷོལ་རྩེད་འགྲན་གྱི་རུ་ཁང་ཚང་མའི་བདག་པོ་མི་རིགས་དཀར་པོ་ཡིན་འདུག་པ་དང་། ཁག་ཅིག་གིས་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས། ཊོམ་ལ་ཁྱབ་བསྒྲགས་ལས་འགུལ་ཆེད་ཨ་སྒོར་ས་ཡ་ཁ་ཤས་ཞལ་འདེབས་བརྒྱབ་པ་བྱུང་ཡོད་འདུག་ཀྱང་། རྩེད་འགྲན་དེའི་ནང་རྩེད་མོ་བ་མང་ཤོས་མི་རིགས་ནག་པོ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 371

Leave a Reply