ཨ་རིའི་ནང་གི་སྨྲ་བརྗོད་རང་དབང་ལ་པེ་ཅིང་སྲིད་གཞུང་གིས་གེགས་བྱེད་བཞིན་པ།

ནིའུ་ཡོག་དུས་བབ་ཏུ་ཝང་ཌན་གྱིས་བྲིས།

སྐལ་བཟང་དོན་གྲུབ་ཀྱིས་བོད་བསྒྱུར་བྱས།

 

ཕྱི་ལོ་༡༩༨༩ ལོའི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་ངོ་རྒོལ་ལས་འགུལ་སྐབས་འགོ་ཁྲིད་མཁན་ཁོངས་ནས་ང་རང་གཅིག་ཡིན་པས། རྒྱ་ནག་གི་བཙོན་ཁང་ནང་དུ་ལོ་ངོ་༨ མ་ཟིན་ཙམ་བསྡད་པ་ཡིན། ཕྱི་ལོ་༡༩༩༨ ལོར་བཙོན་གྲོལ་ཐོབ་རྗེས་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ལ་ཐོན་དུ་བཅུག་སོང་བས། ངས་ཨ་རི་ལ་འགྲོ་རྒྱུ་བདམས་པ་ཡིན། དེ་ཡང་དེ་གར་རང་ལ་བསམ་ཚུལ་གང་ཡོད་པ་ཞེད་སྣང་མེད་པའི་ཐོག་ནས་རང་དབང་ངང་བཤད་ཐུབ་རྒྱུ་ཡོད་པས་ཡིན།

ཕྱི་ལོ་༢༠༠༩ ལོར་ང་ལ་ལོ་རྒྱུས་རིག་པའི་ཐོག་འབུམ་རམས་པའི་ལག་ཁྱེར་ཐོབ་བྱུང་བས། ཐའེ་ཝན་དུ་དགེ་རྒན་གྱི་ལས་གནས་ཤིག་བླངས་ཏེ། རྒྱ་ནག་གི་དེང་རབས་ལོ་རྒྱུས་སློབ་ཚན་ཁྲིད་ཞོར་དུ། བདུན་ཕྲག་རེའི་ནང་ལ་རྒྱ་ནག་གི་སྤྱི་ཚོགས་དང་ཆབ་སྲིད་ཐད་རང་དབང་ངང་བགྲོ་གླེང་བྱེད་པའི་བགྲོ་གླེང་འདུ་འཛོམས་(རྒྱ་ནག་འདུ་འཛོམས་)ཞེས་པ་ཞིག་གོ་སྒྲིག་བྱས་པ་ཡིན། འདུ་འཛོམས་མང་པོ་ཞིག་གི་བརྗོད་གཞི་ཕྱི་ལོ་༡༩༨༩ ལོའི་ངོ་རྒོལ་ལས་འགུལ་དང་ཆབ་སྲིད་བཅོས་བསྒྱུར་སོགས་རྒྱ་ནག་སྐམ་ས་ཆེན་མོའི་ནང་བཀག་རྒྱ་ཆེན་པོ་ཡོད་ཀྱང་། ཐའེ་ཝན་ནང་དེ་དག་ཐོག་ཡོངས་གྲགས་སུ་བགྲོ་གླེང་བྱེད་པར་ཉེན་ཁ་མེད།

འདུ་འཛོམས་དེར་ཐའེ་ཝན་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ནང་སློབ་གཉེར་བྱེད་བཞིན་པ་དང་རྒྱ་ནག་གི་འདས་པའི་ལོ་རྒྱུས་ཀྱི་བདེན་པ་ཤེས་འདོད་ཆེན་པོ་ཡོད་པའི་རྒྱ་ནག་སྐམ་ས་ཆེན་མོའི་སློབ་མ་མང་པོ་ཞིག་བཀུག་ཐུབ་པ་བྱུང་། ཁོང་ཚོ་མང་པོ་ཞིག་གནམ་སྡེ་སྒོ་མོའི་ཐང་ཆེན་ཐོག་གི་དྲག་གནོན་ལྟ་བུའི་སྐོར་ལ་དོགས་པ་བྱེད་ཀྱི་འདུག གང་ཡིན་ཟེར་ན་རྒྱ་ནག་གི་ལོ་རྒྱུས་སློབ་དེབ་ནང་དེའི་སྐོར་ལ་ཏོག་ཙམ་མ་གཏོགས་བཀོད་མེད་པས་རེད།

ལོ་འདིའི་ལོ་སྟོད་དུ་ཨ་རི་ལ་ཕྱིར་ལོག་ནས་བགྲོ་གླེང་འདུ་འཛོམས་འདི་གར་གོ་སྒྲིག་བྱས་པ་ཡིན། ཨ་རིའི་ནང་རྒྱ་རིགས་སློབ་མ་༣༢༩༠༠༠ ལ་ཉེ་བ་ཞིག་མཐོ་སློབ་འགྲིམ་བཞིན་ཡོད་ཁར། དེ་གར་སྨྲ་བརྗོད་རང་དབང་གི་ལོ་རྒྱུས་རིང་པོ་ཡོད་པས། འདུ་འཛོམས་ཚགས་ཚུད་པ་ཡོང་གི་ཡོད་ཤག་བྱས་པ་ཡིན། ངས་རྒྱ་ནག་ནང་གླེང་སློང་བྱེད་མི་ཆོག་པའི་བརྗོད་གཞིའི་ཐོག་ལ་ཡོངས་གྲགས་བགྲོ་གླེང་བྱས་པ་ལ་བརྟེན་ནས། སློབ་གཉེར་བྱེད་དུ་ཡོང་བའི་རྒྱ་རིགས་སློབ་མ་ཚོར་དོགས་འདྲི་སླེབས་ཏེ། ནུབ་ཕྱོགས་ཀྱི་མང་གཙོའི་རིན་ཐང་གི་ལྟ་བར་དང་ལེན་བྱེད་པའི་སེམས་ཤུགས་འཕར་བའི་རེ་བ་བརྒྱབ་ཡིན། འོན་ཀྱང་འདས་པའི་ཟླ་བ་གསུམ་གྱི་ནང་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་ནང་ངའི་འབད་བརྩོན་ལ་ནུས་པ་ཐོན་མ་སོང་། རྒྱ་ནག་དམར་ཤོག་ཚོགས་པས་རང་ཉིད་ལ་སྐྱོན་བརྗོད་བྱེད་མཁན་ལ་དོགས་སྲུང་གི་ལས་གཞི་དེ་ཁྱབ་ཆེ་རུ་བཏང་ནས། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་གཉེར་ཁང་དུ་སླེབས་ཡོད་པ་དང་། དེ་གར་སླེབས་པའི་རྒྱ་རིགས་སློབ་མ་ཚོའི་སྨྲ་བརྗོད་རང་དབང་འགོག་བཞིན་འདུག རྒྱ་ནག་གིས་འཇིགས་སྐུལ་དང་ཞེད་སྣང་སློང་བའི་ལས་འགུལ་སྤེལ་ནས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་གཞན་གྱི་ནང་སྨྲ་བརྗོད་རང་དབང་ལ་གེགས་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་ངམ་དེ་ལ་རྒྱབ་སྐྱོར་བྱེད་མཁན་མི་ཚོས། ནུབ་ཕྱོགས་སུ་ཡོད་པའི་བློ་མཐུན་རྒྱ་རིགས་སློབ་མ་དང་ཤེས་ཡོན་པ་ཚོར། ངས་གོ་སྒྲིག་བྱེད་བཞིན་པའི་འདུ་འཛོམས་ལྟ་བུ་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་ཡོད་པའི་ལས་འགུལ་དང་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་སྤྱི་པའི་འདུ་འཛོམས་དང་ལས་འགུལ་གཞན་ལ་མཉམ་ཞུགས་བྱེད་མཁན་རྒྱ་རིགས་སློབ་མ་རྣམས་ཀྱི་སྐོར་སྙན་སེང་ཞུ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། ཨ་རིའི་གཙུག་ལག་སློབ་གཉེར་ཁང་མང་པོའི་ནང་དུ་ཡན་ལག་ཡོད་པའི་རྒྱ་རིགས་སློབ་མ་དང་ཤེས་ཡོན་པའི་ལྷན་ཚོགས་ཀྱིས། རྒྱ་ནག་གི་གཞུང་ཚབ་ཁང་ཁག་དང་འབྲེལ་ལམ་ཉར་ནས། མཐོ་སློབ་ཁང་ཁག་གི་ཁོར་ཡུག་ནང་རྒྱལ་ཞེན་མེད་པའི་མི་དང་ལས་འགུལ་ལ་བྱ་ར་བྱེད་ཀྱི་ཡོད་པ་རེད། མི་མང་འདུ་འཛོམས་ཀྱི་ལས་རིམ་ཁག་གི་སྐབས་སུ། རྒྱ་ནག་གཞུང་གི་གསང་མྱུལ་ལམ་རྒྱབ་སྐྱོར་བ་སླེབས་ནས། ལས་རིམ་སྐབས་ཀྱི་གཏམ་བཤད་པ་དང་མཉམ་ཞུགས་པ། དེ་བཞིན་གོ་སྒྲིག་པ་བཅས་ཀྱི་པར་དང་བརྙན་ལེན་གྱི་ཡོད་པ་རེད།

རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ང་ལྟ་བུ་དང་མངོན་གསལ་དོད་པོའི་འབྲེལ་ལམ་དང་ཡོངས་གྲགས་སུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་ཕོད་མཁན་རྒྱ་རིགས་སློབ་མ་ཚོ་ཐོ་གཞུང་ནག་པོའི་ཁོངས་སུ་བཀོད་པའི་ཉེན་ཁ་ཡོད་པ་དང་། རྒྱ་ནག་ཏུ་ཡོད་པའི་ཁོ་ཚོའི་ནང་མི་རྣམས་ལ་ཉེས་པ་བཏང་བ་དང་སྡིགས་ར་སྐུལ་སྲིད་པ་རེད། དེ་བཞིན་སློབ་མ་དེ་དག་རྒྱ་ནག་ཏུ་ཕྱིར་ལོག་བྱེད་སྐབས། བདེ་སྲུང་མི་སྣས་ཇ་འཐུང་བར་སྐད་བཏང་ནས་དྲི་རྩད་དང་སྐབས་རེར་སྡིགས་ར་ཡང་སྐུལ་སྲིད་པ་རེད་ལ། ཁོ་ཚོའི་ཕྱི་བསྐྱོད་ལག་ཁྱེར་དུས་འགྱངས་བྱེད་མི་སྲིད་པ་རེད། སློབ་མ་གཅིག་གིས་ཁོང་རྒྱ་ནག་ཏུ་ཕྱིར་ལོག་ཕྱིན་པའི་སྐབས་ཞིག་ལ། ཨ་རིའི་ནང་ཡོད་པའི་རྒྱ་རིགས་སློབ་མ་གཞན་ལ་བྱ་ར་བྱེད་པའི་གནོན་ཤུགས་སྤྲད་སྐོར་ང་ལ་བཤད་བྱུང་།

རྒྱ་ནག་གཞུང་གི་སྡིགས་སྐུལ་གྱི་དཔེ་མཚོན་ཚབས་ཆེན་པོ་ཞིག་ནི། ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ནང་འཇར་མན་ནང་སྐྱབས་བཅོལ་དུ་བསྡད་ཡོད་པའི་རྒྱ་རིགས་གསར་འགོད་པ་ཆེང་པིང་གིས། རྒྱལ་ཁབ་དེའི་བརྒྱུད་ལམ་ཞིག་གི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྨྲ་བརྗོད་རང་དབང་ལ་དྲག་གནོན་བྱེད་པར་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་རྗེས། རྒྱ་ནག་ཏུ་ཡོད་པའི་ཁོང་གི་སྤུན་མཆེད་རྣམས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་རེད། ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་སློབ་མ་ཚོས་གནས་ཚུལ་དེའི་རིགས་གོ་ཡི་ཡོད་པ་དང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་གཟབ་ནན་ངང་མདུན་བསྐྱོད་བྱེད་ཀྱི་ཡོད། མང་པོ་ཞིག་ངས་གོ་སྒྲིག་བྱེད་བཞིན་པའི་འདུ་འཛོམས་ལྟ་བུ་ལ་མཉམ་ཞུགས་བྱེད་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་པ་དང་། མཉམ་ཞུགས་བྱེད་མཁན་ཚོ་ཡང་མངོན་གསལ་དོད་པོའི་ཐོག་བྱེད་ཀྱི་མེད་པ་རེད།

ནུབ་ཕྱོགས་ལ་ཡོད་པའི་རྒྱ་རིགས་སློབ་མ་ཚང་མས་རང་གི་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་མེད། མང་པོ་ཞིག་གིས་ཤུགས་དྲག་ཆེན་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དེ་ཡང་རྒྱུན་དུ་པེ་ཅིང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་སློབ་གྲོགས་ཚོར་དམའ་འབེབས་བྱས་ཏེ་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

རྒྱ་ནག་ནང་རྒྱལ་ཞེན་རིང་ལུགས་འཕེལ་རྒྱས་ཆེན་པོ་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་རྒྱལ་ཞེན་སློབ་གསོའི་ལམ་ལུགས་འོག་ནས་འཚར་ལོངས་བྱུང་བའི་སློབ་མ་མང་པོ་ཞིག་གིས། སློབ་གསོ་དེ་ནུབ་ཕྱོགས་སུ་འཁྱེར་ནས་ཡོང་གི་ཡོད་པ་རེད། ཁོ་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་དབང་ཆ་མ་བཟུང་བའི་ཕྱི་ལོ་༡༩༤༩ ཡི་ཡར་སྔོན་དུས་རབས་གཅིག་རིང་རྒྱ་ནག་ལ་བརྙས་བཅོས་དང་མཐོང་ཆུང་བྱུང་བ་དང་། དེ་བཞིན་རྒྱ་ནག་དེ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཆགས་པར་འགོག་ཐབས་དང་དཀའ་ངལ་བརྒྱུད་སྐུལ་བྱས་པར་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱབ་ཁབ་ཁག་ལ་ཉེས་ཁ་གཡོགས་ཀྱི་ཡོད། རྒྱལ་ཞེན་པའི་སློབ་མ་དང་ཤེས་ཡོན་པ་དེ་དག་གིས་རྒྱ་ནག་གི་དོན་གཅོད་ཁག་དང་མཉམ་ལས་བྱས་ཏེ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ངོ་རྒོལ་ལས་འགུལ་མང་པོ་གཏོར་རྒོལ་བྱེད་པའི་ངན་བྱུས་བཤམས་ཀྱི་ཡོད་པ་དང་། མང་པོ་ཞིག་གིས་པེ་ཅིང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་དྲ་ཐོག་ནས་སུན་གཙེར་བྱེད་པའི་ཐབས་ལམ་ལ་འཇུག་གི་ཡོད་པ་རེད།

རྒྱུན་ལྡན་གྱི་དཔེ་མཚོན་ཞིག་བཞག་ན། ཨ་རིའི་མེ་རི་ལན་ཌེ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་རིགས་སློབ་མ་ཤུ་པིང་ཡེང་གིས། ཟླ་༥ པའི་ནང་སློབ་ཐོན་གྱི་མཛད་སྒོར་ཨ་རིའི་ནང་གི་སྨྲ་བརྗོད་རང་དབང་གི་མཁའ་དབུགས་ལ་བསྟོད་བསྔགས་བྱས་རྗེས། མོས་མེས་རྒྱལ་ལ་དམའ་འབེབས་བྱས་ཚུལ་གྱིས་དྲ་ཐོག་ནས་རྒྱ་ནག་མི་སེར་དང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས། སྡིགས་སྐུལ་མང་པོ་བཏང་ཡོད་པ་རེད་ལ། རྒྱ་ནག་གི་སློབ་མ་དང་ཤེས་ཡོན་པའི་ལྷན་ཚོགས་ཀྱིས་མི་མང་གིས་མོའི་བསམ་ཚུལ་ལ་དགག་པ་རྒྱག་པའི་སྐུལ་མ་བྱས་ཡོད་པས། ཤུ་པི་ཡེང་གིས་གནོན་ཤུགས་འོག་ཡོངས་གྲགས་སུ་དགོངས་སེལ་ཞུས་ནས། རང་ཉིད་ཀྱི་རྒྱལ་ཁབ་ལ་མཐོང་ཆུང་བྱེད་པའི་ཀུན་སློང་མེད་སྐོར་བརྗོད་ཡོད་པ་རེད།

 

རྒྱ་ནག་གཞུང་ནས་རོགས་དངུལ་དང་སློབ་ཕྲུག་སློབ་འཇུག དེ་བཞིན་རྒྱ་རིགས་སྒེར་གྱི་ཞལ་འདེབས་ཐོབ་པའི་ནུབ་ཕྱོགས་ཀྱི་ཤེས་ཡོན་བསྟི་གནས་ཁང་ཁག་ཅིག་ཀྱང་། རྒྱ་ནག་གི་གནོན་ཤུགས་འོག་ལ་ཚུད་ནས་ཡོད། ཁག་ཅིག་གིས་ལས་རིམ་དང་ལས་འགུལ་ཕྱིར་འཐེན་བྱས་ཡོད་ཁར། ཁག་ཅིག་གིས་རང་གིས་རང་ལ་ཞིབ་བཤེར་དང་དོ་དམ་བྱས་ཡོད་པ་རེད།

ཉེ་ཆར་སྙན་གྲགས་དང་ཆེ་མཐོང་ལྡན་པའི་དུས་དེབ་རང་བྱུང་ཁམས་ཞེས་པ་སོགས་དཔར་སྐྲུན་བྱེད་མཁན་(Springer Nature)གྱིས། དུས་དེབ་དེ་རྒྱ་ནག་ནང་བཀག་འགོག་མི་ཡོང་ཆེད། རྒྱ་ནག་ནས་བྲིས་པའི་རྩོམ་ཡིག་ཁག་ཅིག་བལྟ་ཀློག་བྱ་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད།

ཨོ་སི་ཀྲོ་ལི་ཡའི་ནང་གསར་འགོད་པ་ཚོས་རྒྱལ་ཁབ་དེའི་ཆབ་སྲིད་རྒྱུད་རིམ་ནང་རྒྱ་ནག་གི་དངུལ་གྱིས་སིམ་འཛུལ་གང་འདྲ་བྱེེད་ཀྱི་ཡོད་སྐོར་གསལ་སྟོན་བྱས་རྗེས། ཕྱིའི་རྒྱལ་ཁབ་ཁག་ནང་རྒྱ་ནག་གི་ཤུགས་རྐྱེན་འཕེལ་བཞིན་པ་དེར་དོ་སྣང་ཆེན་པོ་སླེབས་ཡོད་པ་རེད། ཨོ་སི་ཀྲོ་ལི་ཡར་ཡོད་པའི་རྒྱ་རིགས་སློབ་མ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཚེ། རྒྱལ་ཞེན་ཅན་གྱི་རྒྱ་རིགས་སློབ་མ་གཞན་གྱི་གནོན་ཤུགས་དང་དམའ་འབེབས་འཁུར་དགོས་པ་ཆགས་ཀྱི་རེད།

ཉེ་ཆར་ཨོ་སི་ཀྲོ་ལི་ཡར་གནས་སྡོད་པ་སྤྱི་དམངས་བཟང་སྤྱོད་ཀྱི་སློབ་དཔོན་ཁི་ལི་ཝེ་ཧེ་མེལ་ཊོན་གྱིས། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་ཨོ་སི་ཀྲོ་ལི་ཡའི་ནང་འཕེལ་བཞིན་པའི་ཐོག་དཔྱད་ཞིབ་བྱས་ནས་བྲིས་པའི་དེབ་དེ། དཔར་སྐྲུན་ཁང་གིས་རྒྱ་ནག་གཞུང་གིས་ཁོང་ཚོར་མཚན་ཤས་བྱས་པའི་གྱོད་གཞི་འཛུགས་སྲིད་པའི་ཞེད་སྣང་ལ་བརྟེན་ནས། དེབ་འགྲེམས་སྤེལ་བྱ་རྒྱུར་དུས་འགྱངས་བྱས་སྐོར་བརྗོད་འདུག འཛེམས་ཟོན་མེད་པའི་རྒྱ་ནག་རིག་པ་བ་དག་གི་ལས་དོན་ལ་རྒྱ་ནག་གཞུང་གིས་མོས་མཐུན་མ་བྱུང་ཚེ། དེ་དག་རྒྱ་ནག་ནང་བསྐྱོད་རྒྱུར་བཀག་འགོག་བྱེད་པའི་ཐབས་ཇུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་ལྟར། སྐུ་ཞབས་ཧེ་མེལ་ཊོན་བཀག་འགོག་བྱས་པའི་ནུབ་ཕྱོགས་ཀྱི་ཤེས་ཡོན་པ་དེ་དག་གི་མིང་གཞུང་ནང་བཀོད་ཡོད་པ་ང་ཚོས་ཏན་ཏན་ཤེས་ཐུབ།

སྨྲ་བརྗོད་རང་དབང་ལ་ཉེན་ཁ་དེ་རིགས་ཡོད་པའི་རྐྱེན་གྱིས་ནུབ་ཕྱོགས་ཀྱི་ཆབ་སྲིད་པ་ཚོར་རྒྱ་ནག་ལ་ཁ་གཏད་གཅོག་པའི་བསམ་པ་སླེབས་དགོས་ངེས་རེད། ཉེ་ཆར་སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་ལ་སྐོར་སྐྱོད་དུ་སླེབས་སྐབས། ཚོང་འབྲེལ་ལ་དམིགས་པ་མ་གཏོགས་འགྲོ་བ་མིའི་ཐོབ་ཐང་ལ་དམིགས་མེད་པས་བློ་ཕམ་བྱུང་། རྒྱ་ནག་གཞུང་གིས་རང་གི་ས་མཚམས་ལས་བརྒལ་ནས་ས་གནས་གཞན་ལ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་ངན་ཞེན་གྱི་སྤྱོད་པ་ཤུགས་ཆེ་རུ་འགྲོ་བཞིན་པ་དེར། ཁ་གཏད་གཅོག་ཐབས་བྱེད་པའི་རྣམ་པ་གང་ཡང་མཐོང་རྒྱུ་མི་འདུག་པས། ངོ་སྲུང་དེ་རིགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་བློ་སྤོབས་འཕར་མ་སྤྲད་རྒྱུ་ཡིན་པ་དང་། ནུབ་ཕྱོགས་ཀྱི་མང་གཙོའི་བསྟི་གནས་ཁང་ཁག་ལ་ཉེན་ཚབས་ཆེ་རུ་འགྲོ་ཡི་རེད།

ཉེ་བའི་ཟླ་ཤས་ནང་ཌོ་ནལ་ཊོམ་གྱི་སྲིད་གཞུང་གིས་ཨེ་ཤི་ཡའི་ནང་ཡོད་པའི་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་དུ། ཁུལ་དེར་འཕེལ་བཞིན་པའི་རྒྱ་ནག་གི་དབང་ཤུགས་ལ་ཁ་གཏད་གང་འདྲ་གཅོག་དགོས་མིན་ཐད་གྲོས་མོལ་བྱེད་འགོ་བཙུགས་ཡོད་པ་རེད་དེ། རྒྱ་ནག་གིས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གི་ཁོར་ཡུག་དང་དེའི་ཕྱི་ལོགས་སུ་མང་གཙོའི་རིན་ཐང་གཙོ་བོ་རྣམས་རྩིས་མེད་གཏོང་བ་འགོག་ཆེད་དུ། རྒྱལ་ནང་གི་སྲིད་ཇུས་དག་སྲུང་སྐྱོབ་བྱ་རྒྱུ་ཡང་གཅིག་མཚུངས་ཀྱི་གལ་ཆེན་ཆགས་ཡོད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 211

Leave a Reply