ཨ་རིའི་བདེ་སྲུང་དྲུང་ཆེས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག

ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་གི་བཅོས་མའི་གླིང་ཕྲན་རྣམས་དམག་གི་རྟེན་གཞིར་བསྒྱུར་བཞིན་པ་དེ་ཨ་རིས་ངོས་ལེན་བྱེད་མི་ཐུབ་པའི་ཉེན་བརྡ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༣ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སིང་གྷ་པོར་ནང་དུ་བདེ་སྲུང་དང་འབྲེལ་བའི་ཚོགས་འདུ་ཞིག་གི་ཐོག་ཨ་རིིའི་བདེ་སྲུང་དྲུང་ཆེ་ཇེམ་སི་མེ་ཊི་སི་ཡིས། རྒྱ་ནག་གཞུང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་བཅོས་མའི་གླིང་ཕྲན་འཛུགས་སྐྲུན་དང་། དམག་གི་རྟེན་གཞི་རྒྱ་བསྐྱེད་བྱེད་བཞིན་པའི་གཡོ་འགུལ་ལ་བརྟེན་ནས་ས་གནས་དེའི་བརྟན་ལྷིང་ལ་གནོད་སྐྱོན་ཡོང་གི་ཡོད་སྐོར་དང་། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་ཁོ་ནའི་འདོད་འདུན་བཞིན་བྱ་སྤྱོད་སྤེལ་རྒྱུར་ངོས་ལེན་བྱེད་མི་ཐུབ་པ་བཅས་ཀྱི་ཉེན་བརྡ་བཏང་ཡོད་འདུག

དེ་ཡང་སྐུ་ཞབས་ཇེམ་སི་མེ་ཊི་སི་ཡིས་“བཅོས་མའི་གླིང་ཕྲན་རྣམས་དམག་དཔུང་གི་ངོ་བོར་བསྒྱུར་བ་དང་། རྒྱ་མཚོའི་འདབས་འབྲེལ་གྱི་ས་ཁོངས་རྒྱ་བསྐྱེད་བྱེད་མཁན་གྱི་རྒྱལ་ཁབ་རྣམས་ལ་ང་ཚོས་ངོ་རྒོལ་ཡོད་”ཅེས་དང་། “ཕྱོགས་གཅིག་ཁོ་ནའི་འདོད་ཚུལ་དང་། བཙན་ཤེད་ཀྱི་ཐོག་ནས་ད་ལྟའི་གནས་སྟངས་བསྒྱུར་བཅོས་གཏོང་རྒྱུ་ལ་ང་ཚོས་མོས་མཐུན་བྱེད་ཐུབ་ཀྱི་མ་རེད་ལ་བྱེད་རྒྱུ་ཡང་མིན་” ཞེས་བརྗོད་པ་དང་དུས་མཚུངས་སུ་ཚོགས་འདུའི་ཐོག བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་བཀག་འགོག་ཐད་རྒྱ་ནག་གཞུང་ནས་འབད་བརྩོན་བྱེད་བཞིན་པར་བསྟོད་བསྔགས་ཀྱང་བྱས་ཡོད་འདུག

དེ་བཞིན་དེ་སྔོན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་། གཞན་ཨ་རིའི་མཐོ་རིམ་དཔོན་རིགས་ཁག་གིས་མཚོ་ཐོག་སྐྱེལ་འདྲེན་གྱི་བརྒྱུད་ལམ་གཙོ་བོ་ལྟ་བུར་གྱུར་པའི་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་བའི་ཐོག་ནས། ཨ་རིར་ཐོབ་པའི་ཁེ་ཕན་རྣམས་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བཅོས་མའི་གླིང་ཕྲན་འཛུགས་སྐྲུན་བྱེད་བཞིན་པ་དེ་མཚམས་འཇོག་དགོས་སྐོར་ཡང་ལན་མང་བརྗོད་ཡོད་འདུག

ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་ཁག་ཅིག་གི་བདག་དབང་དང་འབྲེལ་བའི་ཐོག་ནས་བི་རུ་ནེ་དང་། མ་ལེ་ཤི་ཡ། ཧྥི་ལིབ་ཧྤིང་། ཝེ་ཏི་ནམ། ཐའེ་ཝན་བཅས་དང་རྒྱ་ནག་གི་བར་རྩོད་རྙོག་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁོངས་ནས་ཐོན་ཁུངས་ཆེ་བའི་ས་ཁུལ་རྣམས་ཁོ་རང་ཚོའི་ཡིན་པར་རློམ་སྟེ་རྒྱ་བསྐྱེད་བྱེད་མུས་ཡིན་པ་མ་ཟད། གོ་མཚོན་ཕོན་ཆེན་དབོར་འདྲེན་བྱས་ཟིན་ཡོད་པ་རེད།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 711

Leave a Reply