ཨ་རིའི་འཁྲབ་སྟོན་པ་ཞིག་གི་སྟོད་གོས་ཤིག་ཨ་སྒོར་༦༢,༥༠༠ ལ་བཙོང་པ།

ཟླ་འདིའི་ཕྱི་ཚེས་༢༩ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་དུས་ཀྱི་ཨ་རིའི་འཁྲབ་སྟོན་པ་སི་ཝེ་ཛེས་(Swayze)ཞབས་བྲོ་བཙོག་པ་(Dirty Dancing)ཞེས་པའི་གཏམ་བརྗོད་ཅིག་འཁྲབ་དུས་སུ་སྤྱད་པའི་ཀོ་བའི་སྟོད་གོས་ནག་པོ་ཞིག་ལ་ཨ་སྒོར་༦༢,༥༠༠ བྱས་ནས་བཙོང་ཡོད་འདུག

དེ་ཡང་ཟླ་འདིིའི་ཚེས་༢༨ ཉིན་སྟོད་གོས་དེ་ཨ་རིའི་མངའ་སྡེ་ལོ་སི་ཨན་ཇེ་ལེ་སི་ནང་རིན་སྤར་ཚོང་སྒྱུར་ཞིག་གི་སྐབས་ཧོ་ལི་ཝུ་ཌིའི་གྲགས་ཅན་མི་སྣའི་དྲན་རྟེན་ཅ་དངོས་བསྡུ་རུབ་བྱེད་མཁན་ཞིག་ལ་བཙོང་ཡོད་འདུག

སྐབས་དེར་ཁོའི་སྐྱེས་དམན་ལི་ས་ནེ་མི་ཡིས་་“ཅ་དངོས་རྣམས་བཙོང་བར་ཚོར་སྣང་སྣ་ཚོགས་པ་ཞིག་ཡོང་གི་འདུག་”ཅེས་དང་། དེ་བཞིན་“སྟོད་གོས་དེ་བཙོང་པ་ནི་བྱ་བ་བཟང་པོ་ཞིག་ཡིན་ཡང་། ཁག་པོ་ཞིག་ཀྱང་རེད།” ཅེས་བརྗོད་ཡོད་འདུག་པ་དང་། ཡང་མོས་“ང་ལ་ཧ་ཅང་བརྩེ་དུང་ཆེ་བའི་སྐྱེས་པ་དེ་འདྲ་ཞིག་བྱུང་བ་ནི་ང་རང་གི་བསོད་ནམས་རེད་” ཅེས་བརྗོད་ཡོད་འདུག འོན་ཀྱང་། འཁྲབ་སྟོན་པ་འདས་པོ་དེའི་ཚ་མོ་དྷ་ནི་ལེ་སེ་ཝེ་ཛི་ཡིས་འདས་པོའི་ཅ་དངོས་རྣམས་ནི་ཁྱིམ་བརྒྱུད་ཀྱི་མི་རབས་མང་པོར་དབང་བའི་ཤུལ་དངོས་ཡིན་པ་དང་། ལི་ས་ནེ་མི་ཡིས་རྩ་ཆེའི་དྲན་རྟེན་རྣམས་བཙོང་བར་ངོ་རྒོལ་ཤུགས་དྲགས་ཡོད་སྐོར་བརྗོད་ཡོད་འདུག

ཨ་རིའི་འཁྲབ་སྟོན་པ་དང་། གཞས་པ། གཞས་ཚིག་རྩོམ་མཁན་བཅས་གཅིག་ལྕོགས་ཡིན་པའི་སྐུ་ཞབས་སི་ཝེ་ཛེ་ནི། ཕྱི་ལོ་༡༩༥༢ ལོའིཟླ་༨ པའི་ཚེས་༡༨ ཉིན་སྐྱེས་ཤིང་། ༡༩༨༠ ནས་འགོ་འཛུགས་ཀྱིས་འཁྲབ་སྟོན་སྣ་ཚོགས་བྱས་ནས་གྲགས་ཅན་གྱི་འཁྲབ་སྟོན་མི་སྣ་ཞིག་ཆགས་ཡོད་པ་དང་།

ཕྱི་ལོ་༢༠༠༩ ལོའི་ཟླ་༩ པའི་ཚེས་༡༤ ཉིན་བཤེར་རྨེན་གཅོང་ནད་ཀྱི་རྐྱེན་པས་རང་ལོ་༥༧ ཐོག་སྐུ་གྲོངས་ཡོད་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 216

Leave a Reply