ཨ་རིའི་རྒྱལ་ནང་གི་བདེ་སྲུང་སློབ་སྟོན་པ་རྩ་དགོངས་ཞུ་དགོས་བྱུང་བ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་སྲིད་གཞུང་གི་རྒྱལ་ནང་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་མེ་ཁེལ་ཧྥེ་ལེན་གྱིས། ༢༠༡༦ ལོའི་ཟླ་༡༢ པའི་ནང་ཨ་རིའི་ནང་དུ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་དང་སྐད་ཆ་བཤད་ཡོད་པ་དང་། སྐབས་དེར་གནད་དོན་ག་རེའི་སྐོར་བཤད་ཡོད་མེད་ཐད་ཨ་རིའི་མཐོ་རིམ་དཔོན་པོ་རྣམས་ལ་རྫུན་བཤད་པ་ར་འཕྲོད་པས། རྙོག་གྲ་དེ་ལ་བརྟེན་ནས་ལས་གནས་ལས་རྩ་དགོངས་ཞུ་དགོས་བྱུང་ཡོད་འདུག

16763712_1411394745551057_1153043367_o

སྐུ་ཞབས་མེ་ཁེལ་ཧྥེ་ལེན་

ཟླ་འདིའི་ཚེས་༡༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ༢༠༡༦ ལོའི་ཟླ་༡༢ པའི་ནང་སྐུ་ཞབས་ཊོ་ནལ་ཊོམ་གྱིས་ཨ་རིའི་སྲིད་འཛིན་དམ་འབུལ་མ་ཞུས་པའི་སྔོན་དུ། སྐུ་ཞབས་ཧྥེ་ལེན་གྱིས་ཨ་རིའི་ནང་དུ་ཨུ་རུ་སུའི་གཞུང་ཚབ་སྐུ་ཞབས་སེར་གྷི་དང་ཁ་པར་ནང་སྐད་ཆ་བཤད་ཡོད་འདུག་པ་དང་། སྐབས་དེར་ཁོ་གཉིས་བར་ཨུ་རུ་སུའི་གཞུང་འབྲེལ་གྱིས་མཐུན་འགྱུར་འོག་དྲ་ཐོག་འཇབ་རྒོལ་བྱས་ཏེ། ཨ་རིའི་འོས་བསྡུར་ཐེ་ཇུས་བྱས་པ་ར་འཕྲོད་ནས། ཨུ་རུ་སུར་དཔལ་འབྱོར་སོགས་ཀྱི་ཉེས་ཆད་བཏང་བའི་སྐོར་ལ་སྐད་ཆ་བཤད་ཡོད་འདུག་ཀྱང་། ཁོང་གིས་ཨ་རིའི་སྲིད་འཛིན་གཞོན་པ་དང་མཐོ་རིམ་དཔོན་རིགས་ཚོར། སྐད་ཆ་དེའི་ནང་ཕན་ཚུན་མཚམས་འདྲི་བྱས་པ་ལས། གནད་དོན་གལ་ཆེན་སྐོར་སྐད་ཆ་བཤད་མེད་སྐོར་གྱི་རྫུན་བཤད་ཡོད་འདུག

འོན་ཀྱང་ཟླ་༡ པོའི་ནང་ཨ་རིའི་ཁྲིམས་ཞིབ་ལས་ཁང་གིས་སྐུ་ཞབས་ཊོམ་གྱི་སྲིད་གཞུང་ལ། བདེ་སྲུང་སློབ་སྟོན་པས་ཁ་པར་གྱི་སྐད་ཆ་དེའི་སྐོར་རྫུན་མ་བཤད་ཡོད་པས། ཨུ་རུ་སུས་གནད་དོན་དེ་བེད་སྤྱད་ནས་སྐུ་ཞབས་ཁོང་ལ་སྡིགས་སྐུལ་བྱེད་པའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག ཨ་རིའི་བརྒྱུད་ལམ་ཁག་ཏུ་གནད་དོན་དེའི་ཐད་གླེང་སློང་ཆེན་པོ་བྱུང་བས། ཟླ་འདིའི་ཚེས་༡༣ ཉིན་གྱི་དགོང་མོར་སྐུ་ཞབས་ཁོང་ལས་གནས་ལས་རྩ་དགོངས་ཞུས་པ་དང་། རྩ་དགོངས་ཀྱི་ཡི་གེའི་ནང་སྲིད་འཛིན་འཕོ་འགྱུར་གྱི་དུས་ཡུན་སྐབས། ཁོང་གིས་ཕྱིའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་མང་པོ་དང་སྐད་ཆ་བཤད་ཡོད་པ་དང་། སྐབས་དེར་ལས་དོན་བྲེལ་འཚུབ་ཁྲོད་ཨུ་རུ་སུའི་གཞུང་ཚབ་དང་བཤད་པའི་སྐད་ཆའི་སྐོར་གནས་ཚུལ་ཆ་ཚང་བ་ཞིག་སྙན་སེང་ཞུ་ཐུབ་མེད་པ། སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས་ཀར་དགོངས་སེལ་ཞུས་ནས་ཁོང་གཉིས་ཀྱིས་ཁས་ལེན་བྱས་སྐོར། དེ་བཞིན་སྲིད་འཛིན་ཊོམ་གྱི་ད་བར་གྱི་ལས་དོན་ཁག་ལ་བསྟོད་བསྔགས་ཞུས་ཡོད་འདུག

ཨ་རིའི་ཕོ་བྲང་དཀར་པོས་སྐུ་ཞབས་ཧྥེ་ལེན་གྱི་ཚབ་ཏུ། ཨ་རི་དང་ཝི་ཏི་ནམ་གྱི་དམག་འཁྲུག་སྐབས་ཀྱི་དམག་དཔོན་དང་ད་ལྟ་བགྲེས་ཡོལ་ཡིན་པའི་སྐུ་ཞབས་ཇོ་སེབ་ཀེ་ཐེ་བསྐོ་གཞག་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག

ད་ལྟའི་ཆར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཁོང་གི་སྐད་ཆ་སྒྲ་འཇུག་བྱས་པ་དེར་ཞིབ་འཇུག་དང་། ཨ་རིའི་དམག་མིས་སྐུ་ཞབས་ཁོང་གིས་ཕྱི་ལོ་༢༠༡༥ ལོར་ཨུ་རུ་སུར་ཕྱིན་པའི་སྐབས། ཨུ་རུ་སུའི་གཞུང་ནས་དངུལ་བླངས་ཡོད་མེད་ཐད་བརྟག་དཔྱད་བྱེད་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share on Facebook17Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 468

Leave a Reply