ཨ་རིར་ཁེ་བཟང་མེད་པའི་གྲོས་མཐུན་ག་འདྲ་ཞིག་ཡིན་ཡང་ཕྱིར་འཐེན་བྱེད་རྒྱུའི་དམ་བཅའ་བཞག་ཡོད།

ཨ་རིའི་ཁེ་བཟང་ལ་ཕན་ཐོགས་མེད་པའི་གྲོས་མཐུན་ག་འདྲ་ཞིག་ཡིན་ན་ཡང་། དེ་དག་ལས་ཕྱིར་འཐེན་བྱེད་རྒྱུའམ། བསྐྱར་དུ་གྲོས་མོལ་བྱེད་རྒྱུའི་དམ་བཅའ་བཞག་ཡོད་ཅེས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ནས། ཕྱི་ལོ་༢༠༡༥ ལོར་བཞག་པའི་ཕེ་རི་སི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ནས་ཨ་རི་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། དེར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་དང་། ཌོ་ནལ་ཊོམ་གྱི་ཁ་གཏད་དུ་གྱུར་པའི་ཆབ་སྲིད་པ་བཅས་ཀྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ནས་ཨ་རི་འཛམ་གླིང་སྣེ་ཁྲིད་ཀྱི་གོ་གནས་ནས་འཆི་རྒྱུའི་བཀའ་རྩ་ཁྱབ་བསྒྲགས་བྱས་པ་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

དེ་ཡང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་“ང་ནི་ཨ་རིའི་པིཊ་སི་བྷག་མི་སེར་གྱི་སྐུ་ཚབ་ཏུ་བདམས་ཐོན་བྱུང་བ་ཞིག་ཡིན་པ་ལས། ཕེ་རི་སིའི་སྐུ་ཚབ་ཏུ་བདམས་པ་ཞིག་མིན། ངས་དེ་སྔོན་ཨ་རིའི་ཁེ་བཟང་ལ་ཕན་ཐོགས་མེད་པའི་གྲོས་མཐུན་ག་འདྲ་ཞིག་ཡིན་ན་ཡང་། དེ་དག་ལས་ཕྱིར་འཐེན་བྱེད་རྒྱུའམ། དེ་དག་གི་ཐོག་བསྐྱར་དུ་གྲོས་མོལ་བྱེད་རྒྱུའི་དམ་བཅའ་བཞག་ཡོད། ཚོང་དོན་གྲོས་མཐུན་མང་པོ་ཞིག་གི་ཐོག་གང་མགྱོགས་སུ་བསྐྱར་དུ་གྲོས་མོལ་ཡོང་གི་རེད།” ཅེས་དང་། “ང་ལ་འཁྲི་བའི་འོས་འགན་གལ་ཆེ་ཤོས་ཨ་རིའི་མི་མང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་སྟབས། དེའི་ཕྱིར་དུ་ཕེ་རི་སི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ནས་ཨ་རི་ཕྱིར་འཐེན་བྱ་རྒྱུ་ཡིན། འོན་ཀྱང་། ཕེ་རི་སི་གྲོས་མཐུན་ནང་བསྐྱར་དུ་འཛུལ་ཞུགས་བྱ་རྒྱུའམ། ཨ་རིར་ཁེ་བཟང་ཡོད་པའི་གྲོས་མཐུན་རྦད་དེ་གསར་པ་ཞིག་འཇོག་རྒྱུ་གཉིས་གང་རུང་གི་ཐོག་ལ་གྲོས་མོལ་འགོ་འཛུགས་བྱེད་ཀྱི་ཡིན་”ཞེས་གསུངས་ཡོད་འདུག་པ་མ་ཟད། ཨ་རི་གཞུང་ཕེ་རི་སི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ལས་ཕྱིར་འཐེན་མ་བྱས་ན་དེའི་ཆེད་དུ་༢༠༢༥ ལོའི་ནང་ཚུད་དུ་ལས་ཀ་ས་ཡ་༢.༧ མེད་པ་ཆགས་སྲིད་སྐོར་ཡང་གསུངས་ཡོད་འདུག

ཡང་ཁོང་གིས་“ཕེ་རི་སི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ནི་ཨ་རི་ལ་གྱོང་གུད་སྟེར་བའི་གྲོས་མཐུན་ཁག་གི་ནང་། ཨ་རི་འཛུལ་ཞུགས་བྱས་པའི་དཔེ་མཚོན་ཕྱི་ཤོས་ཞིག་རེད། གྲོས་མཐུན་དེས་རྒྱལ་ཁབ་གཞན་རྣམས་ལ་ཁེ་ཕན་བསྐྲུན་གྱི་ཡོད་མིན་ལ་མ་ལྟོས་པར། ང་རང་དགའ་ཞེན་ཆེ་བའི་ཨ་རིའི་ལས་མི་རྣམས་དང་། དཔྱ་དངུལ་འབུལ་མཁན་རྣམ་པའི་ལས་ཀ་ཤོར་བ་དང་། གླ་ཕོགས་དམའ་རུ་འགྲོ་བ། བཟོ་གྲྭ་རྣམས་ལ་འགོག་རྐྱེན་བཟོ་བ། དཔལ་འབྱོར་གྱི་ཐོན་སྐྱེད་སྐྱོ་རུ་གཏོང་གི་ཡོད་རེད་” ཅེས་གསུངས་ཡོད་འདུག

དཔྱད་བརྗོད་པ་ཚོས་ཕེ་རི་སི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ནས་ཨ་རི་ཕྱིར་འཐེན་བྱས་པ་དེས། གྲོས་མཐུན་ནང་ཡོད་པའི་རྒྱལ་ཁབ་ཚོས་གྲོས་མཐུན་གྱི་དམིགས་འདུན་སྒྲུབ་ཁག་ཏུ་སོང་ཡོད་སྐོར་བརྗོད་བཞིན་ཡོད་འདུག

ཕེ་རི་སི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ཞེས་པ་དེ་ནི། ཕྱི་ལོ་༢༠༡༥ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་རྒྱལ་ཁབ་༡༩༥ ཡི་སྐུ་ཚབ་རྣམས་ལྷན་འཛོམས་བྱས་ཏེ། བཟོ་གྲྭ་དང་རྡོ་སོལ། རླངས་འཁོར་གྱི་དུ་བ་ནག་པོ་སོགས་ལ་བརྟེན་ནས་གོ་ལའི་ཚ་དྲོད་འཕར་ཏེ། འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་སྟབས། བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་དང་། བཟོ་ལས་ཅན་དུ་འགྱུར་བཞིན་པའི་རྒྱལ་ཁབ་རྣམས་ཀྱིས་གོ་ལའི་ཚ་དྲོད་འཕར་བཞིན་པ་དེ་འགོག་ཐབས་བྱ་དགོས་པའི་གྲོས་མཐུན་ཞིག་ཡིན་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 504

Leave a Reply