ཨ་རིས་བྱང་ཀོ་རི་ཡར་སྐད་ཆ་འཇམ་པོ་བཤད་འདུག

བྱང་ཀོ་རི་ཡས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་འཁྱེར་མཁན་གྱི་མེ་ཤུགས་འཕུར་མདའ་ཚོད་ལྟ་ཐེངས་གཉིས་པ་དེ་བྱས་ནས་གྲུབ་འབྲས་ཐོན་ཡོད་སྐོར་བརྗོད་འདུག་པས། ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་ཨ་རི་དེ་བྱང་ཀོ་རི་ཡའི་དགྲ་བོ་མིན་སྐོར་གྱི་སྐད་ཆ་འཇམ་པོ་བཤད་ཡོད་འདུག

ཟླ་༨ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཕྱི་སྲིད་བློན་ཆེན་སྐུ་ཞབས་ཀྲེར་ལེར་སོན་གྱིས་ཨ་རིས་བྱང་ཀོ་རི་ཡའི་སྲིད་གཞུང་འཕོ་འགྱུར་ཡོང་ཐབས་བྱེད་ཀྱི་མེད་ཁར། ཨ་རི་ནི་བྱང་ཀོ་རི་ཡའི་དགྲ་བོ་མིན། འོན་ཀྱང་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ལས་འཆར་དེས། ཨ་རིའི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པས། གལ་ཏེ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་འཆར་མཚམས་འཇོག་བྱས་ཚེ། ཕྱོགས་གཉིས་བར་གྲོས་མོལ་བྱེད་འདོད་ཡོད་སྐོར་བརྗོད་འདུག སྐད་ཆ་དེ་ཡང་དེ་སྔོན་ཨ་རིས་བྱང་ཀོ་རི་ཡར་དམག་འཁྲུག་སོགས་ཀྱི་སྡིགས་ར་བསྐུལ་བའི་ཐབས་ཇུས་ལས་འཇམ་དུ་ཕྱིན་པའི་གནས་སྟངས་ཤིག་ཆགས་ཡོད་འདུག
དེ་སྔོན་ཟླ་༧ པའི་ཚེས་༤ ཉིན་ཏེ་ཨ་རིའི་རང་བཙན་ཉིན་མོར། བྱང་ཀོ་རི་ཡས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་འཁྱེར་མཁན་གྱི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཏེ་གྲུབ་འབྲས་ཐོན་ཡོད་ཀྱང་། དེ་ནི་ཨ་རིའི་མངའ་སྡེ་ཨ་ལ་སེ་ཀ་ལ་མ་གཏོགས་མངའ་སྡེ་གཞན་ལ་སྙོབ་ཐུབ་པའི་ནུས་པ་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད་དེ། ཟླ་༧ པའི་ཚེས་༢༨ ཉིན་བྱང་ཀོ་རི་ཡས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་སླར་ཡང་བྱས་ཡོད་པ་དང་། དེ་ནི་ད་བར་ཚོད་ལྟ་བྱས་པའི་ཁྲོད་དུ་རྒྱང་ཐག་རིང་ཤོས་སྙོབ་ཐུབ་མཁན་ཞིག་ཡིན་འདུག བྱང་ཀོ་རི་ཡས་ཨ་རིའི་མཚོ་བྱང་ཁུལ་གྱི་མངའ་སྡེ་ཁག་ཅིག་དང་དེ་ལས་བརྒལ་པའི་ས་གནས་ཁག་གཞན་ལ་ཡང་སྙོབ་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག་ཀྱང་། དཔྱད་བརྗོད་པ་ཁག་ཅིག་གིས་ཚོད་ལྟ་དེར་གྲུབ་འབྲས་ཐོན་མེད་སྐོར་བརྗོད་འདུག
ཉེ་ཆར་གྱི་རྡུལ་ཕྲན་མཚོན་ཆ་འཁྱེར་མཁན་མེ་ཤུགས་འཕུར་མདའི་ཚོད་ལྟ་དེ་བྱང་ཀོ་རི་ཡས་གྲུབ་འབྲས་ལ་ངོས་འཛིན་བྱས་རྗེས། ཨ་རི་དང་ལྷོ་ཀོ་རི་ཡས་རྒོལ་ལན་སློག་ཆེད་དམག་སྦྱོང་མི་འདྲ་བ་ཁག་ཅིག་བྱས་ཡོད་འདུག་ཀྱང་། ཕྱི་སྲིད་བློན་ཆེན་སྐུ་ཞབས་ཀྲེར་ལེན་སོན་གྱིས། ཕྱོགས་གཉིས་བར་མ་འོངས་པའི་ཆེད་གྲོས་མོལ་བྱེད་འདོད་ཡོད་པ་དང་། དེ་ལྟར་མ་བྱུང་ན་འདེམས་ཀ་གཞན་དེ་ནི་ཡག་པོ་ཞིག་མིན་སྐོར་བརྗོད་ཡོད་འདུག

ཨ་རིའི་ཕྱི་སྲིད་གསར་འགོད་འབྲེལ་མཐུད་པ་ཞིག་གིས། ཨ་རིའི་དམག་གི་སྒྲིག་འཛུགས་ཀྱིས་བྱང་ཀོ་རི་ཡར་དམག་རྒྱག་རྒྱུའི་གྲ་སྒྲིག་ལ་ཡར་རྒྱས་བཏང་ཡོད་ཀྱང་། དེའི་མཇུག་འབྲས་ངན་པ་ཞིག་མ་གཏོགས་མེད་སྐོར་བརྗོད་ཡོད་འདུག ཨ་རིའི་སྲིད་འཛིན་སྐབས་སྔོན་མ་ནས་གལ་ཏེ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་འཆར་མཚམས་འཇོག་བྱས་ཚེ། ཕྱོགས་གཉིས་བར་གྲོས་མོལ་བྱ་རྒྱུའི་འདོད་པ་ཡོད་སྐོར་བརྗོད་ཡོད་འདུག་ཀྱང་། བྱང་ཀོ་རི་ཡས་གྲོས་འཆར་དེར་དེར་ངོས་ལེན་བྱས་མི་འདུག་པས། ཐེངས་འདིར་ཡང་ངོས་ལེན་བྱ་རྒྱུ་ཁག་པོ་ཡིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||