ཨ་རིས་རྒྱལ་ཁབ་གཉིས་ལ་རོགས་དངུལ་གཅོད་རྒྱུའི་སྡིགས་ར་བསྐུལ་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་པེ་ལི་སེ་ཐན་དང་པ་ཀི་སེ་ཐན་རྒྱལ་ཁབ་གཉིས་ལ། ཨ་རིས་རོགས་དངུལ་ཕོན་ཆེན་སྤྲོད་ཀྱི་ཡོད་པ་དེ་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། གནད་དོན་དེར་པ་ཀི་སེ་ཐན་གྱིས་སྐྱོན་བརྗོད་བྱས་འདུག

ཟླ་༡ པོའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༢ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཊུ་ཊེར་ཐོག་ཏུ། ཨ་རིས་པེ་ལི་སེ་ཐན་ལ་ལོ་རེར་ཨ་སྒོར་ས་ཡ་བརྒྱ་ཕྲག་མང་པོ་རོགས་དངུལ་དུ་སྤྲོད་ཀྱི་ཡོད་ཀྱང་། ཁོ་ཚོའི་ཕྱོགས་ནས་ཨ་རིར་གུས་བརྩི་དང་བསྔགས་བརྗོད་ཐོབ་ཀྱི་མེད་ཁར། ཨི་ཛེ་རིལ་དང་ཞི་མོལ་རྒྱུན་རིང་དུས་འགྱངས་བྱས་ནས་བཞག་ཡོད་པ་དེར་མཉམ་ཞུགས་བྱེད་འདོད་བྱེད་ཀྱི་མེད་པ་དང་། ཨ་རིས་རྩོད་རྙོག་དེའི་ནང་གི་གཙོ་གནད་ཇུ་རུ་སི་ལམ་གྱི་གནད་དོན་དེ་མེད་པ་བཟོས་ཟིན་ཡང་། པེ་ལི་སེ་ཐན་གྱིས་ཞི་མོལ་བྱེད་འདོད་མེད་པས། རོགས་དངུལ་སྤྲོད་པའི་དགོས་པ་མཐོང་གི་མེད་སྐོར་བརྗོད་ཡོད་འདུག

སྲིད་འཛིན་ཊོམ་གྱི་རྗེས་སུ་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ནཱི་ཀི་ཧ་ལི་ཡིས། ཨ་རིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་པེ་ལི་སེ་ཐན་གྱི་སྐྱབས་བཅོལ་བར་ངལ་སེལ་ལྷན་ཚོགས་ལ་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ལྷན་ཚོགས་དེས་པེ་ལི་སེ་ཐན་གྱི་སྐྱབས་བཅོལ་བ་ཚོའི་ཤེས་ཡོན་དང་འཕྲོད་བསྟེན། སྤྱི་ཚོགས་གོང་འཕེལ་སོགས་ཀྱི་ལས་གཞི་སྤེལ་གྱི་ཡོད་འདུག་པ་དང་། ལས་གཞི་དེ་དག་ལ་རོགས་དངུལ་སྤྲོད་མཁན་ཆེ་ཤོས་ཨ་རི་ཡིན་པས། ཕྱི་ལོ་༢༠༡༦ ལོར་ཨ་སྒོར་ས་ཡ་༣༧༠ སྤྲད་ཡོད་པ་རེད་འདུག སྐུ་ཚབ་ཧ་ལི་ཡིས་སྲིད་འཛིན་ཊོམ་གྱིས་པེ་ལི་སེ་ཐན་ཞི་མོལ་ལ་ཕྱིར་ཞུགས་མ་བྱས་བར་དུ། རོགས་དངུལ་བཀག་འགོག་གམ་སྣོན་མ་སྤྲོད་རྒྱུ་མིན་སྐོར་བརྗོད་ཚུལ་དང་། ཨ་རིས་པེ་ལི་སེ་ཐན་ལ་རོགས་དངུལ་མ་སྤྲད་ནས། ཞི་མོལ་བྱེད་དགོས་པ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་ཨ་རིས་བདག་དབང་གི་རྩོད་རྙོག་ཆེ་བའི་གནས་ཆེན་ཇུ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་ཏེ། ཨ་རིའི་གཞུང་ཚབ་དེ་གར་གནས་སྤོ་བྱ་རྒྱུའི་གསལ་བསྒྲགས་བྱས་རྐྱེན། ཁ་ཆེ་མཉམ་འབྲེལ་མཐུན་ཚོགས་དང་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ངོ་རྒོལ་རྣམ་པ་ཤུགས་ཆེན་བསྟན་པ་མ་ཟད། པེ་ལི་སེ་ཐན་གྱིས་ཨ་རི་ནི་རྩོད་རྙོག་དེའི་ཐད་ཀྱི་ཞི་མོལ་ནང་བར་གནས་བྱེད་མཁན་ཞིག་མིན་པས། ཞི་མོལ་ལ་མཉམ་ཞུགས་བྱེད་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད།

དེ་བཞིན་ཟླ་༡ པོའི་ཚེས་༡ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་འདས་པའི་ལོ་ངོ་༡༥ ཡི་རིང་ཨ་སྒོར་ཐེར་འབུམ་༣༣ ལས་མང་བའི་རོགས་དངུལ་སྤྲད་ཡོད་ཀྱང་། ཁོ་ཚོའི་ཕྱོགས་ནས་ཨ་རི་ལ་རྫུན་བཤད་པ་དང་མགོ་སྐོར་བཏང་ནས། ཨབ་གྷ་ནི་སི་ཐན་ནང་ཨ་རིའི་དམག་མི་དང་འཐབ་འཛིངས་བྱེད་མཁན་འཇིགས་སྐུལ་རིང་ལུགས་པ་ཚོར་སྲུང་སྐྱོབ་ཀྱིས་ཡིབ་ས་སྤྲོད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་རྗེས། ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ནཱི་ཀི་ཧ་ལི་ཡིས། ཨ་རིའི་སྲིད་གཞུང་གིས་པ་ཀི་སེ་ཐན་ལ་རོགས་དངུལ་ཨ་སྒོར་ས་ཡ་༢༢༥ སྤྲོད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུ་ཡིན་པ་ངེས་གཏན་བཟོས་ནས། ཨ་རིའི་སྲིད་གཞུང་གིས་ཀ་པི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད་མཉམ་ལས་ཡག་ཏུ་གཏོང་བའི་རེ་ལྟོས་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་ཊོམ་གྱིས་པ་ཀི་སི་ཐན་ལ་རོགས་དངུལ་གཅིག་ཀྱང་མི་རག་པ་བཟོ་རྒྱུར་ཐེ་ཚོམས་མེད་སྐོར་བརྗོད་འདུག པ་ཀི་སི་ཐན་གྱི་མཉམ་འབྲེལ་རྒྱལ་ཁབ་སྐུ་ཚབ་ལཱོ་ཌི་ཡིས། ཨ་རིའི་ནོར་འཁྲུལ་དང་གྲུབ་འབྲས་མ་ཐོན་པ་རྣམས། རྒྱལ་ཁབ་གཞན་གྱི་མགོ་ལ་གཡོགས་མི་རུང་བ་དང་། ཕྱོགས་གཉིས་བར་གྱི་མཉམ་ལས་དེ་ནི་རོགས་དངུལ་ཆེད་དུ་མིན་པར། རྒྱལ་ཁབ་ཀྱི་ཁེ་ཕན་དང་རིན་ཐང་བལྟ་ཕྱོགས་ལ་བརྟེན་ནས་བྱས་པ་ཡིན་སྐོར་ལན་འདེབས་བྱས་འདུག

པ་ཀི་སི་ཐན་གྱི་སྲིད་བློན་མཉམ་ཞུགས་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་འཚོགས་ཡོད་འདུག་པ་དང་། དེ་རྗེས་ཨ་རིའི་སྲིད་འཛིན་གྱི་བརྗོད་དོན་དེར་བློ་ཕམ་ཡོད་པ་དང་། དེས་ཕྱོགས་གཉིས་བར་ལོ་མང་རིང་དཀའ་ལས་བརྒྱབ་ནས་བསྐྲུན་པའི་ཡིད་ཆེས་ལ་སེམས་ཚོར་མེད་པའི་ཐོག་ནས་དོ་ཕོག་བཏང་ཡོད་པ་དང་། ཁོ་ཚོས་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་ལས་གཞིར་ལེགས་སྐྱེས་དང་བློས་གཏོང་ཆེན་པོ་བྱས་ཡོད་པ་དོན་དངོས་ཡོད་སྐོར་བརྗོད་འདུག

སྤྱིར་བཏང་ནས་ཨ་རིའི་རྒྱལ་ཁབ་མང་པོ་ཞིག་ལ་རོགས་དངུལ་ཕོན་ཆེན་སྤྲོད་ཀྱི་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་ཨ་རིའི་སྲིད་ཇུས་དང་ཁེ་ཕན་ལ་མི་ཕན་པའི་ལས་ཀ་བྱས་ཚེ། རོགས་དངུལ་བཀག་འགོག་བྱེད་རྒྱུའི་སྡིགས་ར་བསྐུལ་གྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||