ཨ་རིའི་གྲོས་ཚོགས་ཀྱི་ཆེ་བསྟོད་ཟིན་ཐོ།

ཨ་རིའི་གྲོས་ཚོགས་ཀྱི་ཆེ་བསྟོད་ཟིན་ཐོ།

རྟ་མགྲིན་གྱིས་བོད་བསྒྱུར་བྱས།

ཝ་ཤིང་ཏྲོན། སྤྱི་ལོ་༢༠༡༧ཟླ་༣།

གྲོས་ཚོགས་བགློ་གླེང་དང་ཐག་གཅོད་ཡིག་ཆ་༡༡༥།

༸སྐྱབས་མགོན་རྒྱལ་དབང་འབྲུག་པ་འཇིགས་མེད་པདྨ་དབང་ཆེན་ལ་ཆེ་བསྟོད།

ནེའུ་ཡོག་གྲོས་ཚོགས་ཁྲིམས་བཟོ་ལྷན་ཁང་གི་སྐུ་ཚབ་བཀུར་འོས་ཁེ་རོ་ལེན། བྷི། མཱ་ལོ་ནི།(Carolyn B. Maloney)

སྐུ་ཞབས་ཚོགས་གཙོ་མཆོག ངས་དེ་རིང་ཡར་ལངས་ཏེ་༸སྐྱབས་མགོན་རྒྱལ་དབང་འབྲུག་པ་འཇིགས་མེད་པདྨ་དབང་ཆེན་མཆོག་གི་འཁྲུངས་སྐར་གྱི་ཉིན་འདིར་འཚམས་འདྲི་འབུལ་རྒྱུ་ཡིན།

༸སྐྱབས་མགོན་རྒྱལ་དབང་འབྲུག་པ་མཆོག་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་ནང་པའི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་དབུ་ཁྲིད་ཆགས་ཀྱི་ཡོད་པ་དང་། ཆོས་བརྒྱུད་དེ་ཉིད་རྒྱ་གར་གྱི་པཎ་གྲུབ་ནཱ་རོ་པ་བརྒྱུད་ནས་བྱུང་བ་ཞིག་ཡིན། ད་བར་ཆོས་བརྒྱུད་དེ་ཉིད་ཉམས་མེད་ངང་འཕེལ་རྒྱས་འགྲོ་བཞིན་གནས་ཡོད། དོན་བརྒྱུད་དཔལ་ལྡན་འབྲུག་པ་ལ་མཚོན་ན་འཛམ་གླིང་ཁྱོན་ན་རྗེས་འབྲང་པ་ས་ཡ་༣༠ལྷག་ཡོད་ཅིང་། དམིགས་བསལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་རིག་གཞུང་ཐད་ཤུགས་རྐྱེན་ཧ་ཅང་བཟང་པོ་བཞག་ཡོད་མཁན་ཞིག་རེད།

སྐྱེ་བོ་ཚང་མས་རང་ཉིད་ཀྱི་སྤྱི་ཚོགས་ལ་ཕན་པ་རྒྱ་ཆེར་བསྐྲུན་ཐུབ་པའི་ནུས་པ་ལྡན་པར་ཡིད་ཆེས་ཤུགས་ཆེན་གནང་བ་དེ་ལས་ཁོང་གི་བློ་སྟོབས་བྱུང་ཡོད། དེ་ལྟར་༸དཔལ་རྒྱལ་དབང་འབྲུག་པ་མཆོག་ནི་འཛམ་གླིང་ན་སྙན་གྲགས་ཆེ་བའི་འགྲོ་བ་མིའི་བདེ་དོན་རྩོད་ལེན་པ་དང་། ཁོར་ཡུག་སྲུང་སྐྱོབ་པ། ཕོ་མོ་འདྲ་མཉམ་གྱི་ཁེ་དབང་སྲུང་སྐྱོབ་པ་བཅས་ཆགས་ཀྱི་ཡོད། ཁོང་གི་མཛད་བཟང་རྣམས་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གར་གཞུང་གིས་ངོས་འཛིན་གནང་ཟིན་པ་ཞིག་ཆགས་ཀྱི་ཡོད། རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་བདེ་རྩ་ཚོགས་པས་ཁོང་ལ་ཧི་མ་ལ་ཡའི་སྲུང་སྐྱོབ་པའི་མཚན་བསྟོད་ཕུལ་ཡོད།

༸དཔལ་རྒྱལ་དབང་འབྲུག་པ་མཆོག་དང་ཁོང་གི་རྗེས་འཇུག་པས་སྤྱི་ལོ་༢༠༡༥ལོའི་གནོད་ཚབས་ཆེ་བའི་བལ་ཡུལ་ས་ཡོམ་གྱི་རྗེས་ནས་མི་གྲངས་ཁྲི་ཚོ་བརྒལ་བར་རོགས་སྐྱོར་ཞབས་ཞུ་དང་། ད་དུང་ཡང་མུ་མཐུད་སྤྱི་ཚོགས་ཁྱོན་ཡོངས་ནས་གསར་སྐྲུན་གྱི་རོགས་སྐྱོར་གནང་མུས་རེད། ལྷག་པར་དུ་ཁོང་གིས་ལུང་ཁུག་གི་སྤྱི་ཚོགས་དག་ལ་སྨན་བཅོས་མཐུན་རྐྱེན་གོ་སྒྲིག་དང་རྒྱབ་སྐྱོར་ཧ་ཅང་གནང་ཡོད།

༸སྐྱབས་མགོན་རྒྱལ་དབང་འབྲུག་པ་མཆོག་གིས་སྐུ་ངལ་འཛེམས་མེད་ངང་ཧི་མ་ལ་ཡའི་ཁུལ་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་། བུད་མེད་ལ་ཤེས་ཡོན་སྤྲོད་རྒྱུ། དེ་བཞིན་བུད་མེད་སྲུང་སྐྱོབ། བུད་མེད་ལ་སེམས་ཤུགས་སྤར་རྒྱུ་སོགས་ཀྱི་མཛད་བཟང་སྒྲུབ་བཞིན་ཡོད། ད་དུང་། འཛམ་གླིང་གི་ས་ཕྱོགས་གང་སར་དད་མོས་དང་མི་རིགས་འདྲ་མིན་ཐམས་ཅད་ལ་གུས་བཀུར་དང་འདྲ་མཉམ་གྱི་ཁེ་དབང་སྲུང་སྐྱོབ་ཐད་འབད་བརྩོན་བྱ་རྒྱུར་སྣེ་ཁྲིད་གནང་ཡོད།

༸རྒྱལ་དབང་འབྲུག་པ་ཁོང་ཉིད་སྐུ་ངོ་མས་གོམ་བགྲོད་དང་རྐང་འཁོར་གཞོན་ནས་ཧི་མ་ལ་ཡའི་ཁུལ་དུ་སྤྱི་ལེ་སྟོང་ཚོ་བརྒལ་བའི་རྒྱང་སྐྱོད་གནང་སྟེ་ཕོ་མོ་འདྲ་མཉམ་དང་རང་བྱུང་ཁོར་ཡུག་གི་བདག་དབང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཡོད།

༸རྒྱལ་དབང་འབྲུག་པ་མཆོག་གིས་ཤེས་ཡོན་གྱི་ལས་འཆར་ཧ་ཅང་མང་པོར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་ཡོད། དེ་ནི་ཤེས་ཡོན་གྱི་ལམ་ནས་སྐྱེ་བོ་སྒེར་སོ་སོའི་མི་ཚེའི་གནས་བབ་ཡར་རྒྱས་གཏོང་རྒྱུ་དང་ལྷན། གདོད་ནས་བརྒྱུད་པའི་ས་ཁུལ་ཁག་གི་རིག་གཞུང་ཤེས་བྱ་རྣམས་རྒྱུན་འཛིན་དང་གུས་བཀུར་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བླ་ལྷག་ཏུ་གནང་ཡོད། དམིགས་ཡུལ་དེའི་ཕུགས་རྩ་ནི་༸རྒྱལ་དབང་མཆོག་གིས་ས་ཁུལ་ཁག་གི་སྒྱུ་རྩལ་གྱི་ལས་རིགས་སྲུང་སྐྱོབ་དང་། རྒྱལ་སྤྱིར་ས་ཁུལ་ཁག་གི་རིག་གཞུང་གི་གཅེས་ནོར་ཁྱབ་བསྒྲགས་དང་བཤམ་སྟོན་བྱ་རྒྱུ་དེ་རེད།

༸རྒྱལ་དབང་འབྲུག་པ་མཆོག་གིས་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་ཐད་ལས་གཞི་སྣ་མང་གི་སྣེ་ཁྲིད་གནང་ཡོད། དམིགས་བསལ་ཁོང་གིས་བརྩམས་པའི་ཤིང་སྡོང་ས་ཡ་གཅིག་གི་ལས་འགུལ་དེར་མཚོན་ན། ༸རྒྱལ་དབང་མཆོག་གིས་སྤྱི་ལོ་༢༠༡༢ ལོར་གསར་འཛུགས་གནང་བ་ཞིག་དང་། ས་རུད་དང་ཁ་རླུང་གཙང་མར་ཉར་ཚགས་སྲུང་སྐྱོབ་ཀྱི་ཆེད་དུས་གཅིག་ཏུ་སྤེལ་བའི་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་ཆེས་ཆེ་ཤོས་དེར་གྱུར་ཡོད།

སྐུ་ཞབས་ཚོགས་གཙོ་ལགས། ངས་རང་ཉིད་ཀྱི་ལས་རོགས་འབོད་ནས་ང་ཚོས་ལྷན་དུ་༸སྐྱབས་མགོན་རྒྱལ་དབང་འབྲུག་པ་འཇིགས་མེད་པདྨ་དབང་ཆེན་མཆོག་ལ་ཁོང་གི་འཁྲུངས་སྐར་དང་དུས་བསྟུན། ཁོང་གི་ཆོས་དང་འགྲོ་བ་མིའི་བདེ་དོན་གྱི་དབུ་ཁྲིད་ལ་ངོས་འཛིན་གྱི་ཆེ་མཐོང་འབུལ་རོགས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཀྱི་ཚོགས་མི།

ཁེ་རོ་ལེན། བྷི། མཱ་ལོ་ནི།

(Carolyn B. Maloney)

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 478

Leave a Reply